ཞི་ཅིན་ཕིང་གིས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་།
2023.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 71

བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་ཀྱི། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་བ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་པ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་མཐར་ཕྱིན་བྱེད་པ། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་པ། དམག་དཔུང་གི་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་བ། ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་ཚང་མ་མཐའ་གཅིག་ཏུ་ཡོངས་འགྲུབ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ཉི་ཤུའི་སྟེང་དུ། ཞི་ཅིན་ཕིང་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལས་ཁུངས་སུ་ཕེབས་ནས། དཔུང་སྡེ་འཛུགས་སྐྲུན་དང་དམག་འཁྲུག་གྲ་སྒྲིག་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། ཁོང་གིས་ནུབ་རྒྱུད་དམག་ཁུལ་གྱི་མཁའ་དམག་བཙུགས་པའི་ཚུན་གྱི་ལས་དོན་ཁག་དང་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་གནང་།

ཞི་ཅིན་ཕིང་གིས་ལས་འགན་གྱི་དགོས་མཁོར་དམ་པོར་དམིགས་པ་དང་དམིགས་བསལ་ཁོར་ཡུག་དང་འཚམ་པར་བྱས་ཏེ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྒྱུན་ལྡན་གྱི་མཁའ་ཟོན་རྩ་འཛུགས་ཞིབ་ཚགས་བྱས་ཏེ། མཁའ་ཟོན་བདེ་འཇགས་ལ་འགན་ལེན་བྱེད་དགོས། གོ་མཚོན་གསར་པ་དང་སྟོབས་ཤུགས་གསར་པ། དམག་འཐབ་ནུས་པ་གསར་པ་བཅས་མགྱོགས་མྱུར་ངང་གྲུབ་པར་སྐུལ་འདེད་བཏང་ནས། དམག་འཐབ་མ་ལག་ཁྲོད་མཉམ་འདྲེས་དམ་ཟབ་ཡོང་བར་བྱེད་དགོས། མཁའ་སྐྱོད་དམག་དཔུང་དང་། རཱ་ཏར་དང་གློག་རྡུལ་འགྲན་རྒོལ་སོགས་དམག་དཔུང་འཕེལ་རྒྱས་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། འཐབ་འཛིང་བྱེད་ནུས་ཁྱོན་ཡོངས་ནས་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། དངོས་ཡོད་གྱོད་གཞིའི་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། དཀའ་གནད་ཆེ་བའི་སློབ་ཚན་ཆེད་དམིགས་ཀྱིས་སྦྱོང་རྒྱུར་ཤུགས་བསྣན་ཏེ། སྦྱོང་བརྡར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་ཏང་འཛུགས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གིས་བསམ་བློ་དང་ཆབ་སྲིད། རྩ་འཛུགས་བཅས་ཀྱི་སྟེང་ནས་དཔུང་སྡེར་སྟངས་འཛིན་ནན་མོ་བྱ་རྒྱུའི་འགན་ལེན་བྱེད་དགོས། མཐོ་རིམ་ཏང་ཨུ་ལ་དམ་འཛིན་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་དང་བླང་བྱ་ནན་མོ་འདོན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་བཏང་ནས། མགོ་ཁྲིད་ཀྱི་དམག་གྲབས་དང་དམག་རྒྱག་གི་ནུས་པ་ཆེ་རུ་བཏང་སྟེ། ཏང་ཨུའི་ཚན་ཁག་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ནན་མོ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཚང་མ་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་ནས། གཞི་རིམ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཡར་རྒྱས་དང་ཁྱོན་ཡོངས་ནས་ཉམས་སད་ཐེག་རྒྱུར་སྐུལ་འདེད་གཏོང་དགོས། བྱེད་ཕྱོགས་གཟབ་ནན་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རིམ་པ་སོ་སོའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་ཏན་ཏིག་ངང་བསྒྲུབས་ཏེ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ཇེ་དམ་དུ་བཏང་ནས། རུལ་སུངས་ལ་རྒོལ་བའི་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ནས། དམག་དཔུང་གི་བརྗོད་དོན་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་རྒྱུན་འཁྱོངས་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ། གནད་དོན་དག་ཐེར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པའི་ཁྲོད་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དམག་དཔུང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྐྲུན་དགོས་ཞེས་གསུངས།

ཧི་ཝེ་ཏུང་སོགས་ཐེངས་འདིའི་གཟིགས་ཞིབ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།