རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐུན་རིན་ནས་བསྡུས།
2023.07.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐུན་རིན་གྲོང་ཁྱེར་ལུས་རྩལ་ར་བ་ནས་སྤེལ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པའི་ཚོགས་གཙོ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ཆིན་དབྱེ་ཀྲི་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར། འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲོན། ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲང་ལིན། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞང་ཞི་ཐུའུ་ཅཱ་རིགས་མེའོ་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧྥུའུ་ཀྲིན་ཀོས། རིག་གནས་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཟུར་པ། པུའུ་ཀྲང་གཞོན་པ་ཀྲའོ་ཧྲའོ་ཧྭ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ལིས་ཞོན་ཧྲིན་བཅས་བྱ་འགུལ་ལ་ཞུགས།

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། སྤྲོ་སྐྱིད་ལྡན་པའི་རོལ་དབྱངས་ཀྱི་སྒྲ་དང་བསྟུན་ནས། རྨ་ལྷོ་ཁུལ་གྱི་ལོ་ངོ་བདུན་ཅུའི་འོད་སྟོང་འབར་བའི་གྲུབ་འབྲས་དང་རིགས་སོ་སོའི་བུ་དང་བུ་མོས་དྲིན་གཟོ་འབད་འཐབ་མངོན་པར་མཚོན་པའི་རུ་དཔུང་རིམ་པ་བཞིན་དུ་ལུས་རྩལ་ར་བར་ཡོངས། དེའི་རྗེས་སུ་དགའ་སྟོན་ཚོགས་ཆེན་དངོས་སུ་མགོ་བརྩམས་ཤིང་། གུས་སྲོལ་མེ་སྒྱོགས་བདུན་ཅུ་གྲགས་པ་དང་། རྒྱལ་དར་འགོག་སྲུང་རུ་ཁག་གྲལ་འགྲིགས་པའི་གོམ་སྟབས་ཀྱིས་ལུས་རྩལ་ར་བར་ཡོང་བ་ན་ཚོགས་ར་ཡོངས་གཟབ་ནན་གྱིས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་པ་དང་། ཁ་དོག་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་དེ་མཁའ་དབྱིངས་སུ་ལྷབ་ལྷུབ་བསྐྱོད།

ཆིན་དབྱེ་ཀྲི་ཡིས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་འཐུས་ཚབ་ཚོགས་པའི་ཚབ་བྱས་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་ཉེན་རྟོག་པ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ལོ་ངོ་བདུན་ཅུའི་རིང་དང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྨ་ལྷོ་ཁུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ནས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་བསྟན་དོན། རྨ་ལྷོ་ཁུལ་བཙུགས་པའི་ཚུན་གྱི་འཕེལ་རྒྱས་གྲུབ་འབྲས་ལས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་མི་རིགས་ས་ཁུལ་དར་རྒྱས་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་འགན་སྲུང་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་ཐབས་ལམ་ལ་གཞན་ལས་ལྷག་པའི་ཁྱད་འཕགས་རང་བཞིན་ལྡན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པར་དཀྱེལ་ཡངས་རང་བཞིན་དང་འདྲིལ་ཤུགས་ཆེན་པོ་ལྡན་པ་བཅས་ར་སྤྲོད་བྱུང་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་ཁུལ་ཡོངས་ཀྱི་བྱ་བའི་གཙོ་སྙིང་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་བློའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མི་རིགས་སོ་སོ་ཐུན་མོང་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་བརྗེ་རེས་དང་འགྲོ་འོང་ལ་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་མཐོར་འདེགས་བྱེད་པའི་ཐད་ནས་མིག་དཔེ་བསྟན་ནས། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྨ་ལྷོའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ་བཅས་ཀྱི་ཚབ་བྱས་ཏེ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པར་དགའ་བསུ་ཞུས་པ་དང་། རྨ་ལྷོ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། བཅའ་སྡོད་དམག་དཔུང་གི་བཀོད་འཐབ་པ། དྲག་ཆས་ཉེས་ཅན་རྟོག་པའི་དཔོན་དམག རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས། རྨ་ལྷོར་བརྩེ་བ་ལྡན་པ་དང་སྒེར་སེམས་མེད་པར་ཡོད་ཚད་འབུལ་བའི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་། དེ་མིན་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྒྱ་ཆེའི་ལས་བྱེད་པ། རྨ་ལྷོ་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ལས་དོན་ཐད་བྱས་རྗེས་བཞག་མྱོང་བའི་རིགས་སོ་སོ་དང་ལས་རིགས་སོ་སོའི་གྲོས་པོ་དག་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་རྨ་ལྷོའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་བྱས་ཏེ། བསམ་བློ་སྔར་ལས་བཅིངས་འགྲོལ་དང་ལྟ་ཚུལ་གསར་བསྒྱུར་བྱས་ནས། མཉམ་དུ་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་འཕེལ་རིམ་ནང་ཞུགས་དགོས་པའི་རེ་བ་བཏོན།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་སྐུལ་འདེད་ཟི་ཡི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཧེ་ཆིན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྒྲོག་འདོན་བྱས། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་དྲུང་ཡིག་ཆེན་མོ། ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཝུའུ་ཏི་ཅུན་གྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། སྲིད་གྲོས་མཚོ་སྔོན་ཆེན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་དམག་ཁུལ་བཅས་ཀྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། རིགས་སོ་སོའི་མང་ཚོགས་ཀྱིས་རྨ་ལྷོའི་འཕེལ་རྒྱས་གྲུབ་འབྲས་བརྗོད་སྙིང་ཡིན་པའི་རིག་རྩལ་འཁྲབ་སྟོན་བྱས།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག སློབ་གྲྭ། དངུལ་ལོར་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་སྐོར་ཞིག་དང་། ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཁྱིམ་མཚེས་ས་ཁུལ་གྱི་འཐུས་ཚབ་ཚོགས་པའི་མགོ་ཁྲིད་སོགས་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།