ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མགོ་རྩོམ་མཛད་སྒོར་ཞུགས་ནས། ཀྲུང་གོར་འཚམས་འདྲི་གནང་མཁན་གྱི་ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལིས་པ་ཧྲི་ཝེ་ལིས་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཉིན་འགའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་གཉིས་ཀ་གྲུབ་འབྲས་ཐོབ་པའི་ངང་མཇལ་འཕྲད་གནང་ནས། དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་ཀི་ལུའུ་ཅི་ཡཱ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་བར་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་པའི་གོ་སྐབས་དང་བསྟུན་ནས། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་གཙོ་གནད་དུ་བཟུང་ནས། དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་མི་ཆོས་རིག་གནས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་སྔར་ལས་ཆེན་པོ་སྐྲུན་འདོད་ཡོད་ཅེས་གསུངས།
ཅཱ་ལིས་པ་ཧྲི་ཝེ་ལིས་ཀྱིས་ཀི་ལུའུ་ཅི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུས་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་མཉམ་དུ། ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་བདེན་དཔང་གནང་།
ཝུའུ་ཀྲིན་ལུང་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།