རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞའོ་ཅེ་ཡིས་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་སུམ་ཅུ་ཉིན་བར་རྟོག་ཞིབ་ཚན་ཆུང་ཁྲིད་དེ་རྒྱལ་ཡོངས་དམངས་ཆེན་ལྟ་རྟོག་ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་བྱ་བའི་ཐད་ནས་མཚོ་སྔོན་དུ་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གི་ངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞའོ་ཅེ་སོགས་ལ་ཐུག་འཕྲད་བྱས་ཏེ་དགའ་བསུ་ཞུས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།
ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་རིམ་པའི་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་འཛིན་བཅས་ལས་ཁུངས་ཀྱི་འབྲེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམངས་ཆེན་འཐུས་མི། ཆེད་མཁས་པ། ཁྲིམས་རྩོད་པའི་འཐུས་མི་བཅས་ཀྱི་གྲོས་གཞིར་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།
ཞའོ་ཅེ་ཡིས་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་མོ་ཁུར་དུ་བླངས་ཤིང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རི་ཆུ་ནགས་གསུམ་དང་ཞིང་མཚོ་རྩྭ་ཐང་དང་བྱེ་ཐང་འཁྱག་རོམ་བཅས་མ་ལག་གི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། རང་སྟེང་གི་དོན་དངོས་དང་འཚམ་པའི་ལྷད་མེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཅིག་བཏོད་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱིས་ཕྱིན་ཆད་ཀྱི་བྱ་བའི་ཁྲོད་དུ། མུ་མཐུད་དུ་ཆབ་སྲིད་ལངས་གནས་མཐོར་འདེགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཤིང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་།ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་རྙེད་པར་བྱེད་པ་དང་། དམངས་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་ཁྲིམས་འཛུགས་དང་ལྟ་རྟོག་གི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཏིང་ཟབ་ཏུ་རྟོག་དཔྱོད་ཞིབ་འཇུག་བྱེད་པ་དང་གནད་འགག་གི་གནད་དོན་ཡང་དག་པར་བཙལ་ནས། རྒྱུན་ཆད་མེད་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁྲིའི་ཁག་ཁུར་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྟོབས་དང་ལྡན་པའི་འདྲིལ་ཤུགས་ཆགས་པར་བྱས་ཏེ། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
ཝང་ལིས་མེན་གྱིས་བསྟན་དོན། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གཏན་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་རེ་བ་བྱེ་བྲག་ཏུ་དངོས་འབེབས་བྱེད་པ་རྒྱུན་འཁྱོངས་དང་། ཧུར་ཐག་སྒོས་རང་ཞིང་གི་འབྲེལ་ཡོད་ཁྲིམས་འཛུགས་བཟོ་བཅོས་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་འབྲེལ་ཡོད་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱེད་པ་དང་ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་རྟོག་ཞིབ་ཚན་ཆུང་ད་རུང་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ། མཚོ་ནུབ་ཁུལ། ཡུས་ཧྲུའུ་ཁུལ་བཅས་ཀྱི་ས་ཁུལ་སྐོར་ཞིག་ལ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་བར་འབྲེལ་འདྲིས་རྒྱ་ཆེར་བྱས་ཏེ། ནན་ཏན་གྱིས་གཞི་རིམ་གྱི་སྐད་སྒྲར་ཉན་པར་མ་ཟད། ཡུལ་དངོས་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ཏེ་གཞི་རིམ་གྱིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ལན་བྱིན།
བསོད་ནམས་ཚེ་རིང་གིས་བསྒྱུར།