ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་དངུལ་རྩ་ཁྲལ་དོན་གྱིས་ས་གནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་རྟོག་ཞིབ་བྱེད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཆ་ཚང་ཞིང་ཡང་དག་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་དངུལ་རྩ་ཁྲལ་དོན་འཕེལ་རྒྱས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་རོགས་འདེགས་བྱེད་དགོས།
རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཞིང་ཆེན་ལྟ་སྐུལ་དོ་དམ་ཅུའུ་ཡི་རྒྱུ་ནོར་འགན་སྲུང་ལྟ་སྐུལ་དོ་དམ་ཁྲུའུ་སོགས་སུ་ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན། ཁོས་བཤད་རྒྱུར། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནུས་ཡོད་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་དང་འབྲལ་ཐབས་མེད་པས། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་གསར་པ་ལག་བསྟར་ནན་མོ་བྱེད་པ་དང་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། དེང་རབས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་འཐུས་ཚང་དུ་གཏོང་བ། ཉེན་ཁའི་དོ་དམ་དང་སྔོན་འགོག་ཐག་གཅོད་ཇེ་དྲག་ཏུ་གཏོང་བ། དངུལ་རྩའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་བཅས་བྱས་ཏེ་དངུལ་རྩའི་ཁོར་ཡུག་བཟང་བོ་བསྐྲུན་པའི་སྟེང་དུ་བྱེད་ཐབས་གསར་པ་ཡོད་པར་བྱེད་དགོས་པའི་རེ་བ་བཏོན།
ཀྲུང་གོ་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་དུ་ཝུའུ་ཞའོ་ཅུན་ལས་གཉེར་ཚོམས་ཆེན་དང་ཡིད་རྟོན་ཚོམས་ཆེན། གཙང་རྩིས་ལྟེ་གནས་བཅས་སུ་སོང་ནས་ལས་སྒོ་གཉེར་བ་དང་དམངས་བདེའི་ཞབས་ཞུའི་བྱ་བ། གཙང་རྩིས་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད་སོགས་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས། ཁོས་བཤད་རྒྱུར། དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་སྲོག་ཤིང་ཡིན་པ་དང་། དངུལ་རྩ་གཏན་འཇགས་བྱུང་ན། དཔལ་འབྱོར་ད་གཟོད་བརྟན་པོ་ཡོང་ཐུབ་པས། དངུལ་ལོར་སྲིད་ཇུས་སོ་སོ་བེད་སྤྱོད་བཟང་བོ་བྱས་ཏེ་དངུལ་རྩའི་ལས་ཁུངས་ཀྱིས་ཁྱད་ཆོས་ཅན་དང་གནད་ཕིགས་ཅན་གྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པར་ཁྲིད་སྟོན་བྱས་ནས། ཐོན་ལས་དངུལ་རྩ་དང་ཚན་རྩལ་དངུལ་རྩ། ཀུན་ཕན་དངུལ་རྩ། ཞིང་སྡེའི་དངུལ་རྩ། ལྗང་མདོག་དངུལ་རྩ། འཛད་སྤྱོད་དངུལ་རྩ་བཅས་བཟང་བོར་གཉེར་དགོས། ཀུན་ཕན་དངུལ་རྩ་གཙོ་ཡིན་པའི་དངུལ་རྩའི་བཅོས་སྒྱུར་གསར་གཏོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱབ་ཁོངས་གཙོ་བོ་དང་སྡེ་ཁག་གཙོ་བོའི་ཉེན་ཁའི་ལྟ་ཞིབ་ཚད་ལེན་སྔོན་བརྡ་ཆེ་རུ་བཏང་སྟེ་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་བར་རེ་བཞིན་ཡོད་ཟེར།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་རུ། ཝུའུ་ཞའོ་ཅུན་གྱིས་དྲ་ཐོག་ཁྲལ་སྒྲུབ་དང་ཡུལ་དངོས་ཁྲལ་སྒྲུབ། མཚོ་སྔོན་ཁྲལ་དོན་གཞི་གྲངས་སྟེགས་བུའི་འཁོར་སྐྱོར་སོགས་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། ཁོས་བཤད་རྒྱུར། ཁྲལ་བསྡུ་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འདེགས་སྐྱོར་གལ་ཆེན་ཡིན་པས། ཁེ་ལས་འཕེལ་རྒྱས་དང་ཐོན་ལས་སྟོབས་ལྡན། དམངས་ཚིས་ལ་ཕན་འདོགས་པར་རྒྱབ་སྐྱོར་བྱེད་པ་སོགས་ཁྲལ་རིན་ལྟ་སྐྱོང་སྲིད་ཇུས་དོན་འཁྱོལ་བཟང་བོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་དམངས་ལ་སྟབས་བདེ་སྐྲུན་པའི་ཁྲལ་སྒྲུབ་དཔྱིད་རླུང་འགུལ་སྐྱོད་དང་ཞིང་ཆེན་ཡོངས་ཀྱི་ཁེ་ལས་རོགས་སྐྱོར་ལ་དང་ཁེ་ལས་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཉིས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་སྟེ་སྔར་ལས་འཆམ་མཐུན་གྱི་བསྡུ་འཇལ་འབྲེལ་བ་དང་སྔར་ལས་སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་སོགས་བྱེད་དགོས་པའི་རེ་བ་བཏོན།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་གཅིག་བསྡུས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན། གྲོང་གསེབ་འཛུགས་སྐྲུན་སོགས་གཅིག་བསྡུས་བྱས་ཏེ་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་རྩ་བའི་དམིགས་འབེན་དུ་བྱེད་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་སྔོན་འགོག་ཐག་གཅོད་བྱེད་རྒྱུ་དམིགས་འབེན་གལ་ཆེན་དུ་བྱེད་པ། དངུལ་རྩའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་སྒུལ་ཤུགས་སྟོབས་ལྡན་དུ་བྱེད་པ། འཕར་སྣོན་གཏན་འཇགས་དང་ཉེན་ཁ་སྔོན་འགོག་གི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། ཤུགས་ཆེན་པོས་དངུལ་རྩའི་རྒྱབ་སྐྱོར་ཇེ་དྲག་ཏུ་གཏོང་བ། ཁྲལ་བསྡུའི་འགན་ནུས་བྱེད་ནུས་འདོན་སྤེལ་དང་རྒྱ་བསྐྱེད། མཐོར་འདེགས་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་དགོས་པའི་རེ་བ་བཏོན།
ལིའུ་ཁྲའོ་ཡིས་མཉམ་དུ་རྟོག་ཞིབ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།