ཞིང་ཆེན་སྲིད་གཞུང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་སྤེལ་བ་དང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།
2023.08.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

ཟླ7པའི་ཚེས་31ཉིན། ཞིང་ཆེན་སྲིད་གཞུང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་སྤེལ་ནས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་སློབ་གཙོ་མཱ་ཧའེ་ཐའོ་གདན་དྲངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་རང་རྒྱལ་གྱི་ནོར་ཁྲལ་བཅོས་སྒྱུར་གྱི་གྲུབ་འབྲས་དང་ཉམས་མྱོང་། འཆར་གཞི་བཅས་ལ་དམིགས་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

ཟུར་ཁྲིད་སྙན་ཞུའི་ནང་མཱ་ཧའེ་ཐའོ་ཡིས་ནོར་ཁྲལ་བཅོས་སྒྱུར་གྱི་ཁྱོན་ཡོངས་རང་བཞིན་གྱི་བཅོས་སྒྱུར་ཁྲོད་ཀྱི་ངེས་གནས་དང་ནུས་པ། ནོར་ཁྲལ་བཅོས་སྒྱུར་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན། ནོར་ཁྲལ་བཅོས་སྒྱུར་ལས་ཐོབ་པའི་རིགས་པའི་གཞུང་ལུགས་ཀྱི་ཉམས་མྱོང་། ནོར་ཁྲལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུར་ཞིབ་འཇུག་དང་རྒྱང་ལྟ་བྱེད་པ་སོགས་ཀྱི་ཐད་ནས་གསལ་འགྲེལ་དང་ཟུར་ཁྲིད་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནོར་ཁྲལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ལོ་བཅུའི་རིང་གི་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གཏན་ཕབ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ནོར་སྲིད་བཅོས་སྒྱུར་འཕེལ་རྒྱས་ཀྱི་བྱ་བ་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་དང་འགན་ལེན་མཁོ་འདོན་བྱེད་དགོས། ནོར་ཤུགས་ཀྱི་སྤྱི་འབོར་ཆེན་པོ་ཐད་ཤུགས་སྣོན་དགོས་པ་དང་། དཔལ་འབྱོར་བསྐྱར་འཕེལ་དང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཁྲལ་གཞི་དང་མངོན་མེད་ནུས་ཤུགས་སྔོག་འདོན་བྱས་ནས་ཡོང་འབབ་འཕར་སྣོན་ཡོང་བར་འབད་བརྩོན་བྱས་ཏེ། ཁྲལ་གྲོན་ཡོང་འབབ་ཀྱི་སྤྱི་འབོར་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་སོགས་གཙོ་གནད་ཁྱབ་ཁོངས་ལ་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་འགན་ལེན་ལ་ཤུགས་སྣོན་པ་བཅས་ལ་དམིགས་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་སློབ་གསོ་དང་ཚན་རྩལ། ལས་ཞུགས། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་བདེ་ཐང་། ཞིང་ལས་ཞིང་སྡེ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་འགན་ལེན་གསུམ་གྱི་མཐའ་ཚད་བརྟན་སྲུང་བྱེད་དགོས། ནོར་སྲིད་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་ཚད་ལྡན་དང་བདེ་འཇགས། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། མ་དངུལ་གྱི་ཕན་འབྲས་དང་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས།  ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་གཟབ་ནན་དུ་བཏང་ནས་འཚོ་བ་གྲོན་ཆུང་གིས་སྐྱེལ་བའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ། ནོར་རྩིས་ལྟ་སྐུལ་དང་སྔོན་རྩིས་ལག་བསྟར་གྱི་ལྟ་སྐུལ་ཆེད་དོན་བྱ་སྤྱོད་དམ་འཛིན་ཡག་པོ་བྱས་ནས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་མོ་བྱེད་དགོས། ས་གནས་རིམ་པ་ཁག་གི་སྲིད་གཞུང་གིས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ཏན་ཏིག་གིས་སྒྲུབ་པ་དང་། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྔོན་འགོག་དང་སེལ་བ། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁའི་མཐའ་ཚད་མི་འབྱུང་བ་བཅས་བྱེད་དགོས།

ཤ་བོ་གསེར་མཚོས་བསྒྱུར།