རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལས་མགོ་བརྩམས་ནས་ལོ་ངོ་བཅུ་འགོར་བའི་དགའ་སྟོན་བྱ་འགུལ་དེ་ཕཱ་ཁི་སི་ཐན་གྱི་དབྱི་སི་ལན་པའོ་ནས་སྤེལ་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ནི་རྒྱུད་གཅིག་ལམ་གཅིག་གི་ཐོག་མའི་ཚོད་ལྟའི་ལས་གཞི་གལ་ཆེན་ཞིག་ཡིན། ཉིས་སྟོང་བཅུ་གསུམ་ལོར་མགོ་བརྩམས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་བར་ཁྱམས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྔ་དུས་ཀྱི་གྲུབ་འབྲས་སྐོར་ཞིག་བླངས་ནས། ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན་པ་དང་། ས་ཁུལ་གྱི་གཅིག་འབྲེལ་གཅིག་བརྟེན་དང་གཞི་གཅིག་ཅན་གྱི་འཕེལ་རིམ་ལའང་རྨང་གཞི་བརྟན་པོ་བཏིངས་ཡོད། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེ་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དུས་རྗེས་ཀྱི་མཛའ་བཤེས་ཀྱི་གསོན་ཉམས་ལྡན་པའི་རྒྱས་འགྲེལ་ཅིག་ཏུ་གྱུར་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་དུས་རབས་གསར་བའི་ནང་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མ་འོངས་པར་རྒྱང་ལྟ་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཚད་གཞི་མཐོ་བ་དང་རྒྱུན་མཐུད། དམངས་ཕན་བཅས་ཀྱི་དམིགས་འབེན་རྒྱུན་འཁྱོངས་བྱས་ཤིང་། རྒྱུན་ཆད་མེད་པར་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། བར་ཁྱམས་དེ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་དཔེ་སྟོན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་དཀའ་སྤྱད་མདུན་སྐྱོད་བྱེད་རྒྱུ་ཡིན་པ་དང་། རྣོ་ལྕགས་ལྟ་བུའི་མཛའ་བརྩེ་དར་སྤེལ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས། ཆུ་ཚད་སྔར་ལས་མཐོ་བ་དང་ཁྱབ་རྒྱ་སྔར་ལས་ཆེ་བ། རིམ་པ་སྔར་ལས་ཟབ་པའི་མཉམ་ལས་སྤེལ་ཏེ། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་གསུངས།
བསོད་ནམས་ཚེ་རིང་གིས་བསྒྱུར།