རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་སྲིད་གྲོས་ཀྱི་སྤུས་ལེགས་ཡིག་རིས་མཉམ་འབྲེལ་འགྲེམ་སྟོན་སྤེལ་འགོ་བརྩམས།
2023.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་སྲིད་གྲོས་ཀྱི་སྤུས་ལེགས་ཡིག་རིས་མཉམ་འབྲེལ་འགྲེམ་སྟོན་མཚོ་སྔོན་ཞིང་ཆེན་མཛེས་རིས་ཁང་ནས་སྤེལ་འགོ་བརྩམས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གིས་མགོ་འཛིན་བྱས། ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་འགྲེམ་སྟོན་ལ་ཞུགས།

ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཀྲུང་ཁུའེ་དང་། ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཁི་ཝེ། ནང་སོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཀའོ་ནན། ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྥུའུ་མེན། ཧི་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞེ་ཡུས་ཨན། ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེན་ཧྥིན་ཧའེ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཧྥིན་ཡོན། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཞུའུ་ལེ། ཀྲུང་དབྱང་མཛེས་རྩལ་སློབ་གླིང་སྒྱུ་རྩལ་ཇུས་འགོད་ཞིབ་འཇུག་གླིང་གི་ཡོན་ཀྲང་ལིའུ་པོ། མིང་དུ་གྲགས་པའི་རྨ་ཆུའི་མཛེས་རྩལ་པ་ཏུང་པོ་ཧུང་དང་། སི་ཁྲོན་དང་ཧྲན་ཞི་ཞིང་ཆེན་གྱི་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བཅས་འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཐེངས་འདིའི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་སྲིད་གྲོས་ཀྱི་སྤུས་ལེགས་ཡིག་རིས་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་འགྲེམ་འཁྲབ་བྱ་འགུལ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྨ་ཆུའི་རིག་གནས་དར་སྤེལ་གཏོང་བ། རྨ་ཆུའི་གཏམ་རྒྱུད་བཟང་བོར་བཤད་པ། སེམས་ཤུགས་གཅིག་ཏུ་བསྡུ་བའི་འགུལ་སྐྱོད་གལ་ཆེན་ཞིག་ཡིན། ཐེངས་འདིའི་འགྲེམ་སྟོན་དེ་དྲ་ཐོག་གི་འགྲེམ་སྟོན་དང་ཡུལ་དངོས་ཀྱི་འགྲེམ་སྟོན་གཉིས་སུ་བགོས་ཡོད་ལ། དེའི་ཁྲོད་ཡུལ་དངོས་ཀྱི་འགྲེམ་སྟོན་ཐད་ནས་བསྡོམས་པས་བརྩམས་ཆོས་བརྒྱ་དང་གྱ་བཞི་འགྲེམ་སྟོན་བྱས་པ་དང་། བརྩམས་ཆོས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་སྒྱུ་རྩལ་གྱི་ནང་དོན་གཏིང་ཟབ།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ནས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་སྤུས་ལེགས་ཡིག་རིས་མཉམ་འབྲེལ་འགྲེམ་སྟོན་སྐབས་གསུམ་པ་བསྡུས་པ་དང་། དེ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་འགུལ་སྐྱོད་གཙོ་བོ་དང་། མི་དམངས་སྲིད་གྲོས་ཀྱིས་རྒྱལ་དོན་གལ་ཆེན་གཙིགས་སུ་བཟུང་ནས་སེམས་ཤུགས་གཅིག་ཏུ་བསྡུ་བའི་ལག་ལེན་གལ་ཆེན་ཡིན། ཐེངས་འདིའི་ཡིག་རིས་མཉམ་འབྲེལ་འགྲེམ་སྟོན་གྱིས་ཀྲུང་ཧྭའི་རིག་གནས་གཙོ་ཐིག་ཏུ་བྱས་པ་དང་། རྨ་ཆུའི་རིག་གནས་ཀྱི་སྤུས་ལེགས་བརྩམས་ཆོས་འདུ་ལ། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཆབ་སྲིད་རྩ་འཛུགས་དང་སྟེགས་བུ་གལ་ཆེན་བརྒྱུད་དེ། ཡིག་རིས་སྒྱུ་རྩལ་བརྩམས་ཆོས་འདྲེན་བྱེད་དུ་བྱས་ནས། ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པའི་ཁྲོད་ཐུན་མོང་གི་ལྟ་བ་ཇེ་དྲག་ཏུ་གཏོང་བ་དང་། རྨ་ཆུའི་གཏམ་རྒྱུད་བཟང་བོ་བཤད་པ། རྨ་ཆུའི་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད།

འགོ་རྩོམ་མཛད་སྒོའི་རྗེས་སུ། ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་གྱིས་ཡིག་རིས་འགྲེམ་སྟོན་ལ་བལྟས།

རིན་ཆེན་མཚོས་བསྒྱུར།