ཞི་ཅིན་ཕིང་དང་ལིས་ཆང་གིས་ཕ་ཁི་སི་ཐན་གྱི་ཁའེ་ཕུའུ་ཞིང་ཆེན་དུ་རང་གི་ལུས་སྟེང་དུ་བཅིངས་པའི་འགད་རྫས་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་བྱུང་བའི་ཐད་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་དང་ཙུང་ལིར་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།
2023.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བརྒྱད་པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་རང་གི་ལུས་སྟེང་དུ་བཅིངས་པའི་འགད་རྫས་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་བྱུང་བའི་ཐད་ནས། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེ་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་ཁྱེད་ཚོའི་རྒྱལ་ཁབ་ཀྱི་ཁའེ་ཕུའུ་ཞིང་ཆེན་དུ་རང་གི་ལུས་སྟེང་དུ་བཅིངས་པའི་འགད་རྫས་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བ་ཤེས་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུས་པ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱས་ནས། འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ལ། ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱད་ཀྱི་འཆར་གཞིར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ས་ཁུལ་དེ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞྭ་པ་ཚི་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།

བན་དེ་སྐྱབས་ཀྱིས་བསྒྱུར།