ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པ་མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས།
2023.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི་གཙོ་བྱས་པའི་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གཙོ་བྱས་པའི་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས།

སྐབས་དེར། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པ་སྔ་གཞུག་ཏུ་གུང་ཧོ་རྫོང་གི་གསར་བརྗེ་སྔོན་བཤེགས་དཔའ་བོའི་བང་སོ་ཡོད་སར་སོང་ནས་དུར་མཆོད་བྱས། མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་གྲུབ་འབྲས་འགྲེམ་སྟོན་ཁང་དང་། མཚོ་ལྷོ་ཁུལ་གྱི་ཆན་ཝ་སྟོང་ཁྲི་རིམ་པའི་ནུས་ཁུངས་གསར་བའི་རྟེན་གཞི་རུ། ཚང་མས་ནན་ཏན་སྒོས་འགྲེལ་བཤད་ལ་ཉན་པ་དང་། གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དཀའ་སྤྱད་ལས་གཏོད་དང་ཡར་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་བྱས། ཚང་མས་བལྟས་ན། ལོ་ངོ་བདུན་ཅུའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྩེ་བའི་ཐུགས་ཁུར་དང་།  ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་འོག  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག  སྐབས་རིམ་པའི་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་རྩ་བརྟན་པོས་འབད་བརྩོན་དང་། དཀའ་སྤྱད་འབད་འཐབ་བྱས་པར་བརྟེན། མདོ་དབུས་མཐོ་སྒང་སྟེང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། བརྗིད་ཉམས་ལྡན་པའི་རྒྱལ་ཁའི་གླུ་དབྱངས་བླངས་པ་རེད། ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལས་དོན་ཁག་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་། སྐྱོད་ལམ་གསར་པའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་། དཔའ་སྐྱེད་མདུན་སྐྱོད་བྱས་ནས། མཚོ་ལྷོ་ལ་གཟི་མདངས་གསར་པ་རྒྱས་པར་བྱེད་དགོས།

ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། མཚོ་ལྷོ་ཁུལ་གྱི་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། “རྒན་པ་གསུམ”དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན། མི་རིགས་ཆོས་ལུགས་སྡེ་ཁག་དང་ཏང་ཕྱིའི་མི་སྣའི་འཐུས་ཚབ་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས། འཐུས་ཚབ་ཚོགས་པས་བལྟས་ན། མཚོ་ལྷོ་ཁུལ་གྱི་ལོ་ངོ་བདུན་ཅུའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཐོབ་སླ་མོ་ཞིག་མིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་བླང་བྱ་ལྟར། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་བདེ་སྐྱིད་འཕེལ་བར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་ཡི་ལེའུ་མུ་མཐུད་དུ་འབྲི་དགོས།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པས་སོ་སོར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་དང་། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་། མཚོ་ལྷོ་ཡན་ལག་དམག་ཁུལ། དྲག་ཆས་ཉེན་རྟོག་མཚོ་ལྷོ་ཡན་ལག་རུ་ཁག་བཅས་ལ་རྟོག་ཞིབ་འཚམས་འདྲི་དང་། དགེ་སློབ་ཀྱི་འཐུས་ཚབ་དང་། སྨན་བཅོས་མི་སྣ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་བྱམས་བརྩེའི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་ཞུས་པ་མ་ཟད། ཁོ་ཚོའི་དཀའ་སྤྱད་ལས་སྒྲུབ་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས་དྲིན་ཚོར་ཡར་སྐྱེད་བྱེད་པར་སྐུལ་མ་བཏང་སྟེ།  ལྗང་མདོག་གི་མཚོ་ལྷོ་དང་། སྐྱེ་ཁམས་མཚོ་ལྷོ། གསོན་ཤུགས་ཀྱི་མཚོ་ལྷོ། འཆམ་མཐུན་གྱི་མཚོ་ལྷོ། དྭངས་གཙང་གི་མཚོ་ལྷོ། བདེ་སྐྱིད་ཀྱི་མཚོ་ལྷོ་བཅས་བསྐྲུན་ཆེད། ཡང་བསྐྱར་བྱས་རྗེས་གསར་པ་བསྐྲུན་དགོས་ཟེར།

                                                                                               རིག་འཛིན་སྒྲོལ་མས་བསྒྱུར།