ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དང་མཚོ་ཤར་དུ་རྟོག་ཞིབ་བྱས།
2023.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བརྒྱད་པའི་ཚེས་གཅིག་ཉིན།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དང་མཚོ་ཤར་དུ་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཚོང་ར་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ།  དེ་མིན་བཟོ་ལས་ཁེ་ལས་འཁོར་སྐྱོད་གནས་ཚུལ་བཅས་ལ་རྟོག་ཞིབ་བྱེད་སྐབས།    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་།   ཏང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་མོ་བྱེད་པ།   འཕེལ་རྒྱས་གཏོང་སྟངས་ཚུལ་སྒྱུར་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པ།   འཕར་སྣོན་སྒུལ་ཤུགས་བརྗེ་སྤོར་བྱེད་པ།   གཙོ་ལས་བརྟན་སྲུང་དང་ཁེ་ལས་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་བསྟན།

པེ་ཅིང་མཚོ་སྔོན་ཞིན་ཧྥ་ཏིས་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཚོང་ར་རུ་ཝུའུ་ཞའོ་ཅུན་གྱིས་ཁྲོམ་རའི་འཛུགས་སྐྲུན་དང་ཐོན་རྫས་ཕྱིར་འཚོང་།   སྐྱེལ་འདྲེན་བསྡུ་འགྲེམ།  རྒྱུ་རྐྱེན་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས།   ཁོས་བསྟན་དོན།   སྤུས་ལེགས་ཞིང་ཞོར་ཐོན་རྫས་ཐོན་ཁུངས་དང་ཁྲོམ་རའི་དགོས་མཁོར་རྐང་བཙུགས་ཏེ་སྡེབ་འཚོང་བརྗེ་རེས་དང་འཁོར་རྒྱུག་གསོག་ཉར།  ཐོན་འཚོང་འབྲེལ་མཐུད།   ལས་སྣོན་སྡེབ་སྐྱེལ། ཐོན་སྐྱེད་འཕེལ་རྒྱས།   ཁྲོམ་ར་སྙོམས་སྒྲིག   གློག་རྡུལ་ཚོང་དོན།  སྤུས་ཚད་བདེ་འཇགས་སོགས་བྱ་བ་སོ་སོ་གཅིག་གྱུར་མཐུན་སྦྱོར་སྒོས་དམ་འཛིན་བྱེད་པ་དང་།    ཞིང་ལས་རྒྱུ་ཆ་གལ་ཆེན་དང་ཞིང་ཞོར་ཐོན་རྫས་འདོན་སྤྲོད་ཞབས་ཞུ་ལེགས་སྒྱུར་བྱས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས།

མཚོ་སྔོན་ཀྲུང་ལིས་འོད་ཚིན་ལག་རྩལ་ཚད་ཡོད་ཀུང་ཟི་རུ་ཝུའུ་ཞའོ་ཅུན་ཐོན་སྐྱེད་འཁོར་ཁང་དུ་སོང་ནས་ཐོན་སྐྱེད་བཟོ་རྩལ་བརྒྱུད་རིམ་ལ་ཡུལ་དངོས་ལྟ་ཞིབ་བྱེད་པ་དང་།    ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས།   ཁོས་བཤད་རྒྱུར།   ལག་རྩལ་གཙོ་བོ་དང་གནད་འགག་དུས་རིམ་ལ་དམིགས་ནས་ཚན་རྩལ་གསར་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་སྲོག་ཤིང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ།  མཚོ་སྔོན་དང་ཟི་ལིང་གི་ཐོན་རྫས་གསར་སྐྲུན་བྱས་ཏེ་ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་བདེ་འཇགས་བརྟན་པོ་ཡོང་བར་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པ་དང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་དགོས།

ཐེན་ཧི་འོད་ནུས་འོད་གློག་ཚད་ཡོད་ཀུང་ཟི་རུ་ཝུའུ་ཞའོ་ཅུན་བཟོ་ཁང་དུ་སོང་ནས་ངོ་སྤྲོད་ལ་ཉན་པ་དང་།  ཁེ་ལས་ཀྱི་ཉི་འོད་ནུས་པའི་གློག་རྫས་དང་འོད་ནུས་ལྷུ་ཚན་ཐོན་སྐྱེད་གནས་ཚུལ་ལ་རྟོག་ཞིབ་བྱས།  ཁོས་བཤད་རྒྱུར།  མཚོ་སྔོན་གྱི་མཐོ་སྒང་ནུས་ཁུངས་ཐོན་ཁུངས་དགེ་མཚན་མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་བསྒྱུར་བཞིན་ཡོད་པས།   མཚོ་སྔོན་ལ་མ་དངུལ་གཏོང་བ་དང་མཚོ་སྔོན་དུ་ལས་སྐྲུན་བྱེད་པ། མཚོ་སྔོན་ལ་རྐང་འཛུགས་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་།    དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་དམིགས་ཏེ་ཁེ་ལས་ཀྱི་ཆེད་ལས་ཁྱབ་ཁོངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་།   གཞི་ཁྱོན་ཆེ་རུ་གཏོང་བ་དང་ལེགས་སྒྲུབ་སྤུས་འདེགས།  ཁེ་ལས་སྟོབས་ལྡན་དུ་བཏང་སྟེ་ནུས་ཁུངས་ཐཱན་ཉུང་ཚུལ་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཝུའུ་ཞའོ་ཅུན་གྱིས་ལས་གཞིར་སྐུལ་འདེད་དང་འཛུགས་སྐྲུན་འཁོར་གཉེར་སོགས་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས།   ཁོས་ནན་གྱིས་བསྟན་དོན།   རྒྱུད་གཅིག་ལམ་གཅིག་དང་ནུས་རྒྱུད་སྐམ་མཚོའི་རྒྱུད་ལམ་གསར་པའི་ཁྲོད་འབད་པས་ཞུགས་ཏེ་ཚོང་འགུག་དངུལ་འདྲེན་ཤུགས་ཚད་ཆེ་རུ་གཏོང་བ་དང་ཐཱན་མེད་རིག་སྟོབས་ཁྲལ་སྲུང་ཕྱོགས་བསྡུས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   རང་ཞིང་གི་ཁེ་ལས་རྒྱལ་སྤྱིའི་ཉོ་ཚོང་ཁྲོད་ཞུགས་པར་སྐུལ་འདེད་གཏོང་བ།  ཕྱི་རྒྱལ་གྱི་ཚོང་གཉེར་ཐབས་ལམ་རྒྱ་བསྐྱེད་པ།   ཚོང་རྟགས་གྲགས་ཅན་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་སྒོ་འབྱེད་སྟེགས་བུ་བསྐྲུན་དགོས།

རྟོག་ཞིབ་བྱེད་སྐབས་ཝུའུ་ཞའོ་ཅུན་གྱིས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་དག་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་འཕྲད་ཡོད་པས།  རྒྱ་ཆེའི་ཁེ་ལས་པ་དག་གིས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པ།   ཚན་རྩལ་གསར་སྐྲུན་ཇེ་དྲག་ཏུ་གཏོང་བ།   བདག་གཉེར་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ།   བདེ་འཇགས་ཐོན་སྐྱེད་འགན་འཁྲི་བརྟན་པོར་ཁུར་ནས་རྒྱལ་གཅེས་ལས་བརྩོན་དང་ཁྲིམས་སྲུང་བདག་གཉེར།  ལས་སྒྲུབ་ལས་སྐྲུན།  སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཐད་མིག་དཔེ་སྟོན་དགོས།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་གཉིས་རྒྱུན་འཁྱོངས་དང་ཁེ་ལས་ལ་རོགས་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་སོ་སོ་དོན་འཁྱོལ་ནན་མོ་བྱེད་པ།   ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར།  ཞབས་ཞུའི་གནད་འཁེལ་ཚད་མཐོར་འདེགས་བཏང་སྟེ་ཁེ་ལས་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་ངེས།

ཝང་ཝེ་ཏུང་དང་ཝུའུ་ལ་ཙི་པའེ་ཁི་རེ་སུའུ་ལིས་ཧན་གཉིས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།