ཉེ་ལམ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་བསྟུད་མར་ཚ་བ་ཆེ་བས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་རུ་ཁག་ཁྲིད་ནས་རང་རེའི་ཞིང་ཆེན་གྱི་ཚ་བ་ཆེ་བའི་ཁུལ་གྱི་ཁེ་ལས་དང་ཚ་བ་ཆེ་བའི་ཡུལ་དངོས་ལ་སོང་ནས་བསིལ་སྣང་སྐྱེལ་བའི་འཚམས་འདྲིའི་བྱ་འགུལ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས།
ཞིང་ཆེན་སྤྱི་བཟོ་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ལས་ཡུལ་དང་པོར་སོང་ནས་ལས་བཟོ་བ་དང་བརྩེ་བའི་འཚམས་འདྲི་བྱས་པ་དང་། ལས་བཟོ་བའི་ཐོན་སྐྱེད་འཚོ་བ་དང་ཡོང་འབབ། ཚ་བ་ཆེ་བའི་སྐབས་ཀྱི་སྲུང་སྐྱོབ་དང་ཚ་གདུག་འགོག་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ད་ལྟའི་བར་དུ་བསིལ་སྣང་སྐྱེལ་བའི་བྱ་འགུལ་ཐེངས་བཅོ་བརྒྱད་སྤེལ་བ་དང་། ཁེ་ལས་ཀྱི་ལས་བཟོ་བ་དང་འགྲིམ་འགྲུལ་ཉེན་རྟོག་པ། གྲོང་ཁྱེར་དོ་དམ་པ། ཁོར་སྲུང་མི་སྣ། ཟུང་སྐྱེལ་བ་སོགས་ལས་གཉེར་གནས་བབ་གསར་པའི་ངལ་རྩོལ་བ་ཁྲི་གཉིས་ལྷག་ལ་མ་དངུལ་སྒོར་འབུམ་བཞི་དང་ཉིས་ཁྲི་སུམ་སྟོང་གི་ཚ་བ་འགོག་པའི་དངོས་ཟོག་བྱིན།
བསིལ་སྣང་སྐྱེལ་བའི་འཚམས་འདྲིའི་བྱ་འགུལ་ནི་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་པའི་བྱ་འགུལ་མིང་ཅན་ཡིན་ལ། ཚ་བ་ཆེན་པོའི་ཁྲོད་བཟོ་ཚོགས་ངལ་རྩོལ་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་ཆེའི་ལས་བཟོ་བའི་དབྱར་དུས་ཀྱི་ཚ་བ་ཆེ་བའི་དུས་སྐབས་ཀྱི་བདེ་འཇགས་དང་བདེ་ཐང་གི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་ཀྱི་བརྩེ་སེམས་རྒྱ་ཆེའི་ལས་བཟོ་བའི་སེམས་སུ་སིམ་པར་བྱས། ལས་བཟོ་བ་རྣམས་ཀྱིས་ལང་ལོང་གིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ནས་དྲིན་གཟོ་བ་དང་འབད་འཐབ་བྱེད་པ། དངོས་སྒྲུབ་ལ་འབད་པ། ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་མི་སྒེར་གྱི་ནར་སོན་གྱི་གོ་རིམ་དེ་ཁེ་ལས་འཕེལ་རྒྱས་ཁྲོད་འདྲེས་པར་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། གཞི་རིམ་བཟོ་ཚོགས་རྩ་འཛུགས་ཀྱིས་ཁྱིམ་ཕྱིའི་ངལ་རྩོལ་པའི་ཞབས་ཞུའི་ས་ཚིགས་སོགས་ཞབས་ཞུའི་སྒྲིག་ཆས་ཀྱི་བྱེད་ནུས་རྒྱ་བསྐྱེད་ནས་ལས་གཉེར་རྣམ་པ་གསར་པའི་ངལ་རྩོལ་པ་ཞབས་འདེགས་ཞུ་ཡུལ་གཙོ་བོར་བྱས་ནས་ཚ་བ་ཆེ་བའི་ཁུལ་གྱི་ཁྱིམ་ཕྱིའི་ལས་བཟོ་བར་ཚ་བ་འགོག་པ་དང་ངལ་གསོའི་སྟབས་བདེ་འདོན་སྤྲོད་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།