ཟླ་བརྒྱད་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་དབྱི་ཏུང་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཟི་ལིང་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་དབྱི་ཏུང་གི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་དབྱང་ཅེ་སོགས་ལ་ཐུག་འཕྲད་བྱས་པར་མ་ཟད་གྲོས་མཐུན་འགོད་པར་བདེན་དཔང་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་། ཀྲུང་གོ་དབྱི་ཏུང་གི་སྤྱི་གཉེར་པ་གཞོན་པ་ཀྲའོ་ཏ་ཁྲུན་ཐུག་འཕྲད་ལ་ཞུགས་པར་མ་ཟད་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་ཐུག་འཕྲད་ལ་ཞུགས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་དབྱང་ཅེ་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་དབྱི་ཏུང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མིག་སྔར། མཚོ་སྔོན་ཧ་ཅང་གལ་ཆེ་ཞིང་གནད་འགག་ཡིན་པའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་དེ་གཞི་གྲངས་དཔལ་འབྱོར་གྱིས་བཏོན་པའི་ནུས་པ་དང་འབྲལ་ཐབས་མེད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་ནས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་རྩིས་ཤུགས་དྲ་རྒྱ་འཛུགས་སྐྲུན་བྱེད་པ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་བསྲེས་ཟབ་མོ་བྱེད་པ་སོགས་ཀྱི་ཕྱོགས་ནས་འཐབ་ཇུས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཏན་ཏན་ཏིག་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུའི་རེ་བ་བཅངས་ཡོད།
དབྱང་ཅེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་སེམས་ཁུར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀུང་ཟི་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་ཁྱད་དུ་འཕགས་པ་དང་། མ་འོངས་པའི་འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་རྒྱ་ཆེ། ཀྲུང་གོ་དབྱི་ཏུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་བ་སྣ་ཚོགས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ནས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ། གྲོས་མཐུན་གྱི་ནང་དོན་དངོས་འབེབས་བྱེད་པ་དམ་འཛིན་བྱས་ཏེ། གཞི་གྲངས་མཚོ་སྔོན་འཛུགས་སྐྲུན་ཐད་ནས་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།