ཚའེ་ཆི་ཡིས་པེ་ཏའེ་ཧི་རུ་དབྱར་ཁའི་གུང་གསེང་གཏོང་བཞིན་པའི་ཆེད་མཁས་པར་འཚམས་འདྲི་མཛད།
2023.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས་གསུམ་ཉིན་པེ་ཏའེ་ཧི་རུ་དབྱར་ཁའི་གུང་གསེང་གཏོང་བཞིན་པའི་ཆེད་མཁས་པར་འཚམས་འདྲི་མཛད་པར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་རྒྱ་ཆེའི་ཆེད་མཁས་པ་དང་འཇོན་མིར་ལྷག་བསམ་རྣམ་དག་གིས་འཆམས་འདྲི་བྱས།

ལོ་རེའི་དབྱར་ཁའི་གུང་གསེང་སྐབས་སུ་ཕུལ་དུ་བྱུང་བའི་ཆེད་མཁས་པ་དང་འཇོན་མི་པེ་ཏའེ་ཧི་རུ་གདན་ཞུ་བྱས་ནས་གུང་གསེང་གཏོང་རྒྱུ་ནི། ཏང་དང་རྒྱལ་ཁབ་ཀྱི་འཇོན་མིའི་བྱ་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ད་ལོར་གུང་གསེང་གཏོང་བའི་བྱ་འགུལ་ལ་ཞུགས་པའི་ཆེད་མཁས་པ་ང་བདུན་ཡོད་པ་དང་། ཚང་མ་རྒྱལ་ནང་གི་ཚན་རྩལ་སྔོན་ཐོན་ཁྱབ་ཁོངས་ཀྱི་ཕུལ་བྱུང་འཇོན་མིའི་འཐུས་ཚབ་ཡིན་ལ། ཁོ་ཚོས་རང་སོ་སོའི་ཁྱབ་ཁོངས་ནས་བྱས་རྗེས་གལ་ཆེན་བཞག་ཡོད།

ཚའེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་འཇོན་མིའི་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། འཇོན་མིའི་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དུས་རབས་གསར་བའི་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་བཀོད་སྒྲིག་གལ་ཆེན་མཛད་པས། དུས་རབས་གསར་བའི་འཇོན་མིའི་བྱ་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་། རང་རྒྱལ་གྱི་འཇོན་མིའི་བྱ་བ་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་འགྲེང་ཡོད་པ་དང་། ཀྲུང་གོ་ནི་འཇོན་མི་ཡོངས་ཀྱིས་ནུས་པ་འདོན་ས་དང་མདུན་ལམ་ལྡན་པའི་ས་ཆ་རུ་གྱུར་ཡོད།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་པ་དང་། ཆེད་མཁས་པས་གུང་གསེང་གཏོང་བའི་བྱ་འགུལ་སྤེལ་བར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། གུང་གསེང་བྱ་འགུལ་ལ་ཞུགས་པའི་ཆེད་མཁས་པ་ཚོས། རྒྱ་ཆེའི་ཤེས་ཡོན་ཅན་དང་ཆེད་མཁས་འཇོན་མི་ཚོར་མིག་དཔེ་བསྟན་ཡོད། མིག་སྔར། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བཞིན་པའི་སྒང་ཡིན་པ་དང་། ཆེད་མཁས་པ་ཚོས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱ་ཆེའི་ཆེད་མཁས་པ་དང་འཇོན་མིར་གནང་བའི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ། རྒྱལ་དོན་གལ་ཆེན་ཡིད་ལ་འཛིན་པ། ཁ་ཕྱོགས་པ་བཞི་རྒྱུན་འཁྱོངས་བྱེད་པ། རང་འགུལ་གྱིས་དུས་རབས་ཀྱིས་བསྩལ་བའི་འགན་འཁྲི་ཕྲག་ཏུ་ལེན་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་བཅངས་ཡོད།

ལིས་ཀན་ཅེ་དང་ཧྲིན་དབྱི་ཆིན། ཅང་ཞིན་ཀྲི་བཅས་གོང་གི་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།