ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་སོང་ནས་ཡུལ་དངོས་ནས་འཕྲིན་བཅར་མང་ཚོགས་ལ་སྣེ་ལེན་བྱས་པ་དང་འཕྲིན་བཅར་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ལས་ཡུལ་དང་པོའི་བྱ་བའི་མི་སྣར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྥིན་ཆའོ་སྙིང་སྟོབས་དང་ཕུའུ་ཅིང་སྙིང་སྟོབས་ལག་བསྟར་ནན་མོ་བེད་པ། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་ཁག་སེལ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་མུ་མཐུད་མཐོར་འདེགས་གཏོང་དགོས།
ཞིང་ཆེན་འཕྲིན་བཅར་ཅུའུ་ཡི་འཕྲིན་བཅར་མང་ཚོགས་སྣེ་ལེན་ཁང་དུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ལི་དབྱང་ཐེན་ཞཱ་གཞིས་ཁུལ་གྱི་འཕྲིན་བཅར་འཐུས་མི་སྣེ་ལེན་བྱས་པ་དང་། ཕན་ཚུན་ངོ་འཕྲད་ནས་བརྟན་ནོར་དཔང་ཡིག་ལེན་པའི་སྐོར་གྱི་རེ་ཞུ་ལ་ཉན་པ་དང་། གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་བྱས། མང་ཚོགས་ཀྱི་རེ་འདུན་དང་རེ་ཞུར་རྒྱུས་ལོན་བྱེད་པ་དང་། ཐག་གཅོད་ཇུས་གཞི་གཏན་ཁེལ་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་འཕྲིན་བཅར་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བཟང་པོ་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ལུགས་མཐུན་གྱི་ཁེ་ཕན་རེ་འདུན་ཐག་གཅོད་བཟང་པོ་བྱེད་དགོས། འཕྲིན་བཅར་བརྒྱུད་ལམ་བརྒྱུད་ནས་བྱ་བའི་བར་ཁྱད་དང་མི་འདང་ས་བཙལ་ནས་གཅིག་ཤེས་ཀུན་གྲོལ་དང་ལེགས་བཅོས་བྱས་ནས་མང་ཚོགས་ལ་ཞབས་ཞུ་སྔར་ལས་བཟང་པོ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
དེའི་རྗེས་སུ་ཝུའུ་ཞའོ་ཅུན་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་སོང་ནས་རྟོག་ཞིབ་བྱས་པ་དང། དོན་དག་གལ་ཆེན་ལྟ་སྐུལ་སྒྲུབ་གཉེར་དང་མང་ཚོགས་ཀྱི་འཕྲིན་བཅར་ཐད་ཀྱི་བརྟག་དཔྱད་དང་ཐག་གཅོད། ཨ་ལན་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་འཕྲིན་བཅར་ཅུའུ་ཡི་སྣ་འཛོམས་ལས་རིགས་མ་ལག་བརྒྱུད་ནས་ཧྲིན་ཀྲང་གི་ཡིག་སྒམ་གྱི་འཕྲིན་བཅར་དོན་ཚན་གྱི་ནང་དོན་ཁྱབ་ཚུལ་དང་སྒྲུབ་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། འཕྲིན་བཅར་བྱ་བ་ནི་ཏང་གི་མང་ཚོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་དང་སྒོ་འགྲམ་དུ་བཅར་བའི་མང་ཚོགས་ཀྱི་བྱ་བ་ཡིན་ལ། མང་ཚོགས་ཀྱི་བསམ་འདུན་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཡིན། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་རང་འགུལ་ངང་བྱས་རྗེས་བྱས་བཞག་ནས་འཕྲིན་བཅར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་དགོས། ལས་འགན་དོན་འཁྱོལ་བྱེད་པར་མཐོང་ཆེན་བྱས་ནས་མཉམ་འབྲེལ་གྲོས་ཚོགས་རྐྱེན་སྲོལ་བཀོལ་སྤྱོད་བཟང་པོ་བྱས་ནས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་འགན་སྒྲུབ་ནན་མོ་བྱེད་པར་འཛུབ་སྟོན་དང་ལྟ་སྐུལ་བྱས་ནས་ཕྱོགས་སོ་སོས་མཉམ་འཛིན་བྱེད་པའི་འཕྲིན་བཅར་བྱ་བའི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་གཙིགས་སུ་བཟུང་ནས་དཀྱིལ་སྙིང་ལྔའི་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ་དང་མང་ཚོགས་ཀྱིས་རེ་འདུན་འདོན་པ་དང་ཕན་ཁེ་མཐུན་སྦྱོར་བྱེད་པ། ཁེ་དབང་ལ་འགན་སྲུང་བྱེད་པའི་བརྒྱུད་ལམ་གེགས་མེད་དང་ཚད་ལྡན་དུ་གཏོང་དགོས། ནུས་པ་མཐོར་འདེགས་གཏོང་བར་མཐོང་ཆེན་བྱས་ནས་འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་དང་ཆ་འཕྲིན་ཅན། ཆེད་ལས་ཅན་ལ་དམིགས་ནས་འཕྲིན་བཅར་དོན་དག་སྒྲུབ་གཉེར་གྱི་སྤུས་ཚད་དང་ནུས་ཕྱོད་མཐོར་འདེགས་གཏོང་དགོས། བྱ་བ་ལེགས་བཅོས་གཏོང་བ་གཙིགས་སུ་བཟུང་ནས་མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་གནད་དོན་དང་དོ་སྣང་བྱས་པའི་དོན་ཚན་ཁྲོད་སྲིད་གཞུང་བྱ་བའི་ཤུགས་འདོན་ས་ཡང་དག་པར་བཙལ་ནས་དམངས་ལ་རེ་ལྟོས་ཡོད་པ་དང་སྲིད་ལ་བྱས་འབྲས་ཡོད་པར་བྱེད་དགོས། རུ་དཔུང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འཕྲིན་བཅར་བྱ་བའི་ལས་བྱེད་པའི་ཆབ་སྲིད་ནུས་པ་དང་ལས་རིགས་སྤུས་ཚད། བྱ་བའི་ཆུ་ཚད་མཐོར་འདེགས་བཏང་ནས་ཏང་ལ་བློ་དཀར་བ་དང་དམངས་དོན་སྒྲུབ་པ། མང་ཚོགས་ཀྱི་བྱ་བ་སྒྲུབ་པར་མཁས་པའི་འཕྲིན་བཅར་བྱ་བའི་རུ་དཔུང་འཛུགས་དགོས།
ལིས་ཧུང་ཡ་རྟོག་ཞིབ་ཁྲོད་ཞུགས།
མི་ཕམ་མགོན་པོས་བསྒྱུར།