ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ8པའི་ཚེས་3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་གནོད་སྐྱོབ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་། སི་ཁྲོན་དང་ཧྲའན་ཞིའི་ཧན་ཀྲུང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་གནོད་སྐྱོབ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆུ་རྒྱས་པའི་དུས་ཚིགས་གཙོ་བོའི་དངོས་འཐབ་ནང་ཞུགས་པ་དང་། དུས་ཐོག་ཏུ་ཞིབ་འཇུག་དང་བརྡར་གཅོད་དབྱེ་ཞིབ་བྱེད་པ། འཕྲལ་བསྟུན་སྔོན་ཇུས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་ཞོད་འགོག་གནོད་སྐྱོབ་ཀྱི་གྲ་སྒྲིག་བྱ་བ་སོ་སོ་ཡག་པོར་སྒྲུབ་དགོས། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཆུ་མཛོད་ཀྱི་ཞོད་འགོག་བདེ་སྒྲོལ་དང་། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་སྔོན་འགོག ཆུ་ལོག་འདམ་རྡོའི་ཆུ་རུད་ལ་ཁ་གཏད་འཇལ་བ་སོགས་ཀྱི་གཙོ་གནད་ལ་དམིགས་ཏེ་བཀོད་གཏོང་བཀོད་འདོམས་དང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར། ཉེན་ཟོན་ཉེན་བཤེར། ལས་རེས་བརྟན་སྲུང་སོགས་ཀྱི་བྱ་བར་ཤུགས་བསྣན་ནས་ཞོད་འགོག་གནོད་སྐྱོབ་ཀྱི་་བདེ་འཇགས་དྲ་བ་རྒྱུན་ཆད་མེད་པར་འཛུགས་དགོས། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་རྩད་ཞིབ་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་གོ་སྐབས་སུ་བྱས་ཏེ་འབར་རླངས་དང་། ཨར་ལས། ཡུལ་སྐོར། གཏེར་རི། འགྲིམ་འགྲུལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་རང་སྐྲུན་ཁང་བ་སོགས་ལ་དམིགས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་ནན་མོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དང་ཧྲའན་ཞིའི་ཧན་ཀྲུང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ནི་ས་གནས་སོ་སོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་གསར་པར་སྐུལ་འདེད་གཏོང་བའི་དབང་གྲགས་ཆེ་ཤོས་དང་། གཏིང་ཟབ་ཤོས། ནུས་པ་ཆེ་ཤོས་བཅས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཅིག་ཡིན་པ་དང་། དེའི་ནང་ནུབ་རྒྱུད་དུ་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཆགས་རྒྱུར་སྣེ་ཁྲིད་བྱེད་པའི་འཐབ་ཇུས་བསམ་གཞིགས་ཚུད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕུན་སུམ་ཚོགས་པའི་ནང་དོན་དང་། ལྟེ་བའི་བརྗོད་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་སྦྲེལ་མཐུད་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དང་ཟུང་འབྲེལ་བྱེད་པ། གསུང་བཤད་གལ་ཆེན་རེ་རེ་བཞིན་བསམ་ཕྱོགས་དངོས་དང་བྱ་བའི་བྱེད་ཐབས་སུ་འགྱུར་བར་བྱེད་དགོས། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཚོ་སྔོན་རང་ངོས་ཀྱི་འཐབ་ཇུས་གནས་བབ་དང་ལས་འགན་ཁོང་དུ་ཆུད་པར་བྱས་ཏེ་ཞན་ཆ་མགྱོགས་མྱུར་ངང་འཚོལ་བ་དང་ཞན་ཆ་གསབ་པ། ལེགས་ཆ་འདོན་སྤེལ་བྱེད་པ། བྱེད་རིན་ཡོད་མེད་ལ་བལྟ་བ་བཅས་བྱས་ནས་ས་ཁོངས་གཅིག་ལ་གཟི་བརྗིད་སྣོན་པ་དང་ཁྱོན་ཡོངས་ལ་སྔར་ལས་བཀྲག་མདངས་སྣོན་ཐུབ་པར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པ། ལམ་ལུགས་ལ་བརྟེན་ནས་རྒྱུན་གཏན་དོ་དམ་དང་ཡུན་རིང་དོ་དམ་བྱེད་པ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཞུགས་པའི་བརྩོན་སེམས་ལེགས་པར་བསྐྱེད་དགོས། ཤུགས་འདོན་ས་བཞིའི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་འགྱུར་ཚད་དེ་བེད་སྤྱོད་ཡག་པོ་བྱེད་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་འགོ་རྩོམ་མཛད་སྒོའི་སྟེང་གི་ཤིས་ཚིག་གི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལུས་རྩལ་འགྲན་བསྡུར་དང་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་སོགས་བརྒྱུད་དེ་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་པ་དང་། ཕྱོགས་སོ་སོའི་དྲང་ནུས་གཅིག་ཏུ་བསྡུ་བ། མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། ནང་ཕྱོགས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་གཏོད་པ་བཅས་བྱེད་དགོས། བརྒྱད་གཅིག་གི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་མཐོ་ཚད་ནས་དམག་དོན་གནད་དོན་ལ་བསམ་གཞིགས་གཏོང་བ་དང་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དཔུང་སྡེའི་བརྗོད་དོན་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ། སྦྱོང་བརྡར་གྱི་སྤུས་ཚད་མཐོ་རུ་གཏོང་བ། དམག་དཔུང་དང་ས་གནས་ལས་བརྒལ་བའི་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་མི་དམངས་དམག་དཔུང་གི་རྒྱལ་ཁ་ལེན་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཚོགས་འདུ་ལས་བསྟན་དོན། ཟླ་བརྒྱད་པ་ནི་བརྗོད་དོན་སློབ་གསོ་ཁག་དང་པོའི་མཇུག་བསྡུའི་ཟླ་བ་ཡིན་པ་དང་། མཇུག་ཏུ་སླེབས་ཚེ་དེ་བས་ནན་ཏན་བྱེད་དགོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཐོག་མཐའ་བར་གསུམ་དུ་བརྗོད་དོན་སློབ་གསོ་ཁག་དང་པོའི་བྱ་བ་སོ་སོ་ལེགས་པར་བསྒྲུབ་པ་དང་། བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ་བཅོས་སྐྱོང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ཀྱི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐད་དུ་མཚོན་པར་བྱས་ཏེ། ཁག་གཉིས་པའི་བརྗོད་དོན་སློབ་གསོར་སྔ་མོ་ནས་ཇུས་འགོད་ཡག་པོ་བྱེད་པ་དང་། བརྗོད་དོན་སློབ་གསོ་ཁག་གཉིས་པོ་སྦྲེལ་མཐུད་ལེགས་པོ་ཡོང་བ་དང་རྒྱུན་མཐུད་ངང་སྐུལ་འདེད་བྱེད་པར་ཁག་ཐེག་བྱེད་དགོས།

ཚོགས་འདུའི་སྟེང་ཁྲིན་ཀང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་དབྱི་ལང་དང་ཅིར་ཅི་སི་སི་ཐན། ཐུའུ་ཁུའུ་མེན་སི་ཐན་བཅས་ལ་འཚམས་འདྲི་བྱས་པའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་ལས་དོན་གཞན་པར་ཞིབ་འཇུག་བྱས།

ཤ་བོ་གསེར་མཚོས་བསྒྱུར།