ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་དུ། ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞུས་ཁུན་ལིན་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་དང་ལྷན་དུ་བཞུགས་མོལ་བྱས།
བཞུགས་མོལ་བྱེད་སྐབས་ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཅང་སུའུ་ཡིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་རྒྱབ་སྐྱོར་གང་ལེགས་གནང་བར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཅང་སུའུ་ནི་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞི་ཞིག་དང་། མཚོ་སྔོན་གྱིས་སློབ་སྦྱོང་བྱེད་སའི་མིག་དཔེ་ཞིག་ཡིན་ལ། མཚོ་སྔོན་ནི་ཅང་སུའུ་ཡིས་ཤར་ནུབ་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་གཉིས་ཁུར་བའི་ཞིང་ཆེན་གཅིག་པུ་དེ་ཡིན། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་ཚད་ནས་བསྡད་དེ། ལྷག་བསམ་ཟོལ་མེད་ཀྱིས་མཚོ་སྔོན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཁྱད་པར་དུ་སློབ་གསོ་དང་སྨན་བཅོས། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་སུ་མཚོ་སྔོན་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ད་ལོ་ནས་བཟུང་མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱས་ལ། ལས་དོན་ཚང་མ་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་པ་ལས་གཞན། འཆར་འགོད་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་སླར་གསོ་དང་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད། མཚོ་སྔོན་གྱི་འཕེལ་རྒྱས་འདི་ཉིད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། ཅང་སུའུ་དང་བཅས་པའི་རོགས་སྐྱོར་མཉམ་ལས་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་སྟོབས་ཆེན་དང་ཁ་འབྲལ་ཐབས་རྩ་བ་ནས་མེད། ད་ཐེངས་ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་ནས། གཞོགས་འདེགས་རིམ་སྤོར་ལ་སྔར་ལས་སྐུལ་འདེད་བཏང་ཡོད། ང་ཚོས་ཞིང་ཆེན་གཉིས་ཀྱི་མཉམ་ལས་བརྗེ་རེས་ཀྱི་གོ་སྐབས་གསར་པར་སྟངས་འཛིན་ཡག་པོ་བྱས་ནས། ངར་ཤུགས་སྔར་ལས་བརྟན་པོ་དང་གྲུབ་འབྲས་སྔར་ལས་ཡག་པོ་ཐོབ་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་ལ་དྲིན་ལན་འཇལ་རྒྱུ་དང་། ཅང་སུའུ་སོགས་རོགས་ལས་ཞིང་ཆེན་དང་གྲོང་ཁྱེར་དང་རྒྱ་ཆེའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རོགས་རམ་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད།
ཞིན་ཁྲང་ཞིང་དང་ཞུས་ཁུན་ལིན་གྱིས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་གྱིས་དུས་ཡུན་རིང་པོའི་ནང་ཅང་སུའུ་ཡི་ལས་དོན་ལ་རྒྱབ་སྐྱོར་གང་ལེགས་བྱས་པ་དང་། ཅང་སུའུ་ཡི་རོགས་སྐྱོར་མངགས་གཏོང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པར་རྟེན་འབྲེལ་ཞུས། ཞིན་ཁྲང་ཞིང་དང་ཞུས་ཁུན་ལིན་གྱིས་མཚོ་སྔོན་ལ་གཞོགས་འདེགས་དང་ཞིང་ཆེན་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི། ཏང་ཀྲུང་དབྱང་གིས་ཅང་སུའུ་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན། ཟླ་གསུམ་ལྷག་གི་སྔོན་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དུ་འཚམས་འདྲིར་སོང་ནས། ས་ཚིགས་དང་པོ་ཅང་སུའུ་རུ་རྟོག་ཞིབ་མཛུབ་སྟོན་བྱེད་དུ་ཡོང་ནས། མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱས། ང་ཚོས་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པའི་སྟེང་དུ། མཚོ་སྔོན་གྱི་དགོས་མཁོ་དངོས་ནས་རྐང་ཚུགས་པར་བྱེད་པ་དང་། ཅང་སུའུ་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། རིག་ནུས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དང་སྨན་བཅོས་ཀྱི་རོགས་སྐྱོར་བྱེད་རྒྱ་ཆེ་རུ་གཏོང་བ། དམངས་ཚིས་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཤར་ནུབ་རྒྱུད་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྔར་ལས་ཆེན་པོ་འདོན་རྒྱུ་ཡིན་ཞེས་བཤད།
མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙེ་པེ་ཁེ·རི་སུའུ་ལིས་ཧན། ཀྲུའུ་ཞང་ཧྥུན། ལོས་ཀང་བཅས་དང་། ཅང་སུའུ་ཞིང་ཆེན་གྱི་མགོ་ཁྲིད་ཧན་ལིས་མེན་དང་ཁྲུའུ་ཡུང་ཧུང་། མ་ཞིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།