ཟླ་བརྒྱད་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་དང་སྐབས་བརྗེའི་ཚོགས་ཆེན་ཟི་ལིང་དུ་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞྭ་ཚོགས་འདུར་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ནི། མཚོ་སྔོན་ཞིང་ཆེན་གྱི་འཇོན་མི་གསོ་སྐྱོང་བརྗེ་རེས་ཀྱི་སྟེགས་བུ་གལ་ཆེན་ཞིག་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་རྩེར་སོན་གྱི་ཇུས་འདོན་ཚོགས་པ་ཞིག་ཀྱང་ཡིན། མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་གསུམ་འཁོར་བའི་རིང་ལ། ཆབ་སྲིད་ཀྱི་ཁྲིད་སྟོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ། མི་མང་མཉམ་འདུས་ཀྱི་སྒོ་ནས་བློ་གྲོས་དང་ཐབས་ཇུས་འཐེན་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས། འཇོན་མིའི་གསར་གཏོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་པ་དང་། འཇོན་མིའི་བརྗེ་རེས་ལས་སྟེགས་འབད་པས་བསྐྲུན་པ། ཕྱོགས་སོ་སོའི་ཕུལ་བྱུང་འཇོན་མིས་མཚོ་སྔོན་ནས་རྐང་ཚུགས་པར་བྱེད་པ་དང་ལས་སྐྲུན་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན།ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་སོ་སོའི་འཇོན་མིའི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱེད་པ། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་རྩེར་སོན་ཇུས་འདོན་ཚོགས་པ་བསྐྲུན་དགོས། རྒྱ་ཆེའི་ཆེད་མཁས་པ་དང་འཇོན་མིས་འགན་འཁྲི་ཁུར་ཕོད་པ་དང་བྱ་གཞག་ཡག་པོ་སྒྲུབ་པ། ཤེས་བྱ་ཞིབ་འཇུག་གང་ལེགས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་ཆེད་མཁས་པ་ཡག་པོ་བྱེད་པ་བཅས་བྱས་ནས། ཁྱད་ཡོན་འདོན་སྤེལ་སྒོས་དོན་དངོས་ཀྱི་ཐབས་ཇུས་གང་མང་འདོན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་འཇོག་ཕོད་པར་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཇོན་མིའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཁག་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། སྟོབས་ཤུགས་མཉམ་འདོན་གྱིས་མཉམ་ལས་བྱེད་པ། སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་མཁས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། འཇོན་མི་འཚར་ལོངས་ཡོང་བའི་ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱས་ཏེ། ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་འདོན་སྤེལ་ཐད་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།