ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་དུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི་ཚོགས་གཙོ་ཡིན་པའི་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་གཙོ་ཡིན་པའི་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས།
རྟེན་འབྲེལ་བྱེད་སྒོར་ཞུགས་པའི་རིང་ལ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པ་ཐོག་མར་མདའ་བཞི་རྫོང་གི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོར་སོང་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས་པ་དང་། རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་སྟེ། མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་། མཚོ་བྱང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་། གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་དང་པོ་དང་བཞི་པ། ས་འོག་བཀོད་འདོམས་ལྟེ་གནས་བཅས་ཀྱི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་བྱས་པའི་གནས་ཚུལ་དང་། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཚང་མས་ལོ་བདུན་ཅུའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་བཅས་ཀྱི་འོག་ཏུ། མཚོ་བྱང་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་བ་དང་། དཀའ་སྤྱད་འབད་འཐབ་བྱས་པར་བརྟེན། གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ཅིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། སྐྱེ་ཁམས་དཔལ་ཡོན་ལ་སྤྱི་ཡོངས་ནས་ཡར་རྒྱས་ཆེན་པོ་བྱུང་བར་མ་ཟད། མི་རིགས་མཐུན་སྒྲིལ་ལས་དོན་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བ་དང་། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡིན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཞིག་ངང་གིས་བརྩམས་ཡོད། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་ལངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། དཀའ་སྤྱད་འབད་བརྩོན་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་བྱང་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་པའི་བསམ་པ་བསྟན།
ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། མཚོ་བྱང་ཁུལ་གྱི་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། “རྒན་གྲས་གསུམ”གྱི་མི་སྣ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྣ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་འཐུས་མི་བཅས་དང་མཉམ་དུ་བཞུགས་མོལ་བརྗེ་རེས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།