ཟླ་བརྒྱད་པའི་ཚེས་ལྔ་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་སྐྱིད་སྡུག་མཉམ་མྱོང་དང་མི་དམངས་བླ་ན་མེད་པ་སྟེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་པེ་ཅིང་གི་འབྲུབ་འགོག་ཞོད་འགོག་གནོད་སེལ་ལས་དོན་ལ་བཀོད་འདོམས་ནུས་ལྡན་བྱས་ཡོད་ཅེས་པ་སྤེལ།
རྩོམ་ཡིག་ལས་བསྟན་དོན། ཉེ་ལམ། པེ་ཅིང་ལ་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ ཆུ་ལོག་གི་གནོད་པ་ཐོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་གནང་བ་དང་། པེ་ཅིང་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་འབྲུབ་འགོག་གནོད་སེལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
རྩོམ་ཡིག་ལས་བཤད་རྒྱུར། ཆུ་འབྲུབ་པའི་གནས་སྟངས་ཅུང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ནའང་། འབྲུབ་འགོག་གནོད་སེལ་གྱི་ལས་དོན་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་བཞིན་ཡོད་པས། འབྲུབ་འགོག་གནོད་སེལ་ལ་རྒྱལ་ཁ་ཐོབ་ནས། རྒྱལ་སའི་གྲོང་ཁྱེར་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་ཐུབ་ངེས་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།