བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་སོ་སོས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བ་དང་རྩ་འཛུགས་ཞིབ་ཚགས་བྱས་ཏེ། སྔ་གཞུག་ཏུ་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་དང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས། ཆེད་དོན་སློབ་སྦྱོང་གྲོས་ཚོགས། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གྲོས་ཚོགས་སོགས་ཀྱི་རྣམ་པར་བརྟེན་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་ནན་ཏན་བྱས་པ་དང་། སྡེ་ཁག་དང་ལས་ཁུངས་སོ་སོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་བྱས།
ལས་ཁུངས་སོ་སོས་གཅིག་མཐུན་སྒོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་དུས་མཚམས་གལ་ཆེན་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བའི་གནད་འགག་གི་དུས་སྐབས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ལེན་པའི་དུས་སྐབས་གལ་ཆེན་བཅས་སུ་བསྡུས་པའི། གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། དེས་ལོ་རྒྱུས་ཀྱི་ཚད་ཤིང་ངོས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཆོས་ཉིད་གསལ་སྟོན་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་ཐད་འཆར་འགོད་རླབས་ཆེན་བཟོས་པར་མངོན་འགྱུར་ཡོང་བའི་ཐད་ནས་བསམ་བློར་སྐུལ་སློང་དང་ལག་ལེན་ལ་སྐུལ་སློང་བྱས་པར་མ་ཟད། དེར་མཛུབ་སྟོན་རང་བཞིན་དང་ཁ་གཏད་རང་བཞིན། སྦྱོར་དངོས་རང་བཞིན་བཅས་མངོན་གསལ་ལྡན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གི་སྟེང་ནས་གཅིག་གྱུར་དོན་ལྡན་ཡོང་བར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་མོ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། དངོས་སྒྲུབ་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཡག་པོ་འབུལ་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།