རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ཝ་རིང་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་དང་། ཡུས་ཧྲུའུ་དང་མགོ་ལོག་གི་ལྡོག་གློག་གཉིས་པ་དང་སུམ་སྦྲེལ་གློག་གཏོང་སྒྱུར་བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་སྐུལ་སློང་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་དྲུག་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཞིན་པོ་ཨན་སོགས་དང་བཞུགས་མོལ་བྱས་པར་མ་ཟད། བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་སྐུལ་སློང་གྲོས་ཚོགས་ལ་ཞུགས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན། ཞིན་པོ་ཨན་བཅས་ཀྱིས་མཉམ་དུ་བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་བརྩམས་པ་བསྒྲགས་པ་དང་། ཝུའུ་ཞའོ་ཅུན་དང་ཞིན་པོ་ཨན་གྱིས་གཏམ་བཤད།
ཁྲིན་ཀང་གིས་རྒྱལ་ཁབ་གློག་དྲས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབད་འཐབ་ལྷོད་མེད་འོག་དང་། རྒྱལ་ཁབ་གློག་དྲ་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་མགྱོགས་མྱུར་ངང་གོང་འཕེལ་དུ་སོང་། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་བྱས་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལྟར། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། མཚོ་སྔོན་དུ་ཉི་འོད་འཛོམས་ཤིང་ཆུ་རྒྱས་ལ། རླུང་བཟང་ཞིང་ས་ཆེ་བའི་ཞིབ་བསྡུར་དགེ་མཚན་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པ་དང་ལུགས་དང་མཐུན་པའི་སྒོ་ནས་ཆ་སྡེབས་ནུས་ཁུངས་ཁ་ཤས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དག་གཙང་ནུས་ཁུངས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཁབ་གློག་དྲས་སྔར་བཞིན་དུ་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་མཐོ་གནོན་གློག་གཏོང་བགྲོད་ལམ་མྱུར་དུ་འཛུགས་སྐྲུན་བྱེད་པ། རོང་འབྲོག་ཁུལ་གྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་གློག་བཀོལ་དགོས་མཁོ་སྐོང་བ། ནུས་གསོག་ཐབས་འཚོལ་ཞིབ་དང་ལེགས་སྒྱུར་བྱེད་པ། རིགས་གསར་གློག་ཤུགས་མ་ལག་འཛུགས་པར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ནུས་ཁུངས་གསར་བརྗེའི་ཐད་ཞབས་འདེགས་ཞུ་བ་དང་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་ཆེད་བྱས་རྗེས་འཇོག་རྒྱུའི་རེ་བ་བཅངས་ཡོད།
ཝུའུ་ཞའོ་ཅུན་གྱིས་བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་བརྩམས་པར་རྟེན་འབྲེལ་ཞུས་པ་དང་། མ་དངུལ་གཏོང་བ་དང་འཛུགས་སྐྲུན་ཁྲོད་ཞུགས་པའི་འབྲེལ་ཡོད་སྡེ་ཁག་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་གློག་དྲས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་འཐབ་བྱས། ཐེངས་འདིར་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་བཟོ་སྐྲུན་ནི་ཕྱོགས་གཉིས་ཀྱིས་ཐེངས་མང་པོར་གྲོས་སྡུར་བྱས་ཤིང་མཚོ་སྔོན་མི་དམངས་ཀྱིས་རེ་སྒུག་བྱེད་བཞིན་པའི་ལས་གཞི་ཆེན་པོ་དང་ལས་གཞི་བཟང་བོ་ཡིན་པ་དང་། ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་གྱི་གློག་ཁུངས་གློག་དྲའི་གྲུབ་ཚུལ་ལེགས་སྒྱུར་བྱེད་ཐུབ་པ་དང་གློག་ཤུགས་བདེ་འཇགས་དང་མཁོ་འདོན་ལ་སྔར་ལས་འགན་སྲུང་བཟང་བོ་བྱེད་པ། མཐོ་སྒང་གི་མང་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པར་བྱེད་པ་དང་། དག་གཙང་ཐཱན་དམའ་དང་བདེ་འཇགས་ཕན་མཐོའི་ནུས་ཁུངས་མ་ལག ཐོན་ལས་ཕྲེང་སྦྲེལ་གོང་འོག་རྒྱུད་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་དོན་སྙིང་དང་མངོན་སུམ་གྱི་དོན་སྙིང་ལྡན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུས་བཟོ་སྐྲུན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཁག་དང་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ལག་བསྟར་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་བྱེད་པ་དང་སྔ་མོ་ནས་ནུས་པ་འདོན་ཐུབ་པར་བྱེད་རྒྱུ་ཡིན།
ཞིན་པོ་ཨན་གྱིས་མཚོ་སྔོན་ཞིང་ཆེན་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་གློག་ཤུགས་ལས་དོན་ཐད་ཧ་ཅང་མཐོང་ཆེན་བྱས་པ་དང་། རྒྱལ་ཁབ་གློག་དྲར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་ཁབ་གློག་དྲས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ལ་རོགས་སྐྱོར་དང་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ལས་གཞི་གཙོ་བོ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། གློག་དྲ་ཆེན་མོ་རྫོང་ཁོངས་ཡོངས་སུ་ཁེབས་པར་བྱས་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུས། ཐེངས་འདིར་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་བཟོ་སྐྲུན་གྱིས་གློག་དྲའི་ཐོན་ཁུངས་ཆ་སྡེབས་ནུས་པ་མཐོར་འདེགས་གཏོང་བ་དང་། གློག་ཤུགས་བདེ་འཇགས་མཁོ་འདོན་ལ་འགན་སྲུང་བྱེད་པ། ནུས་ཁུངས་གསར་བའི་ཕྱོགས་བསྡུས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ། ཐཱན་ཇེ་དམའ་དང་བཙོག་བཟོ་ཉུང་གཏོང་བྱེད་པར་ཞབས་འདེགས་ཞུ་བ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པ། བརྟན་འཇགས་འཕར་སྣོན་དང་བརྟན་འཇགས་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་རེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྔར་བཞིན་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས། བཟོ་སྐྲུན་བདེ་བླག་ངང་འཛུགས་སྐྲུན་བྱེད་པ་དང་དུས་བཀག་ལྟར་བཀོལ་སྤྱོད་བྱེད་པའི་ཕན་ཡོད་ཆ་རྐྱེན་བསྐྲུན་པ་དང་། འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཁག་དང་རྒྱ་ཆེའི་འཛུགས་སྐྲུན་པ་ཚོས་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། བདེ་འཇགས་སྤུས་ལེགས་དང་ཕན་པ་ལྡན་པའི་སྒོ་ནས་བཟོ་སྐྲུན་འཛུགས་སྐྲུན་བྱེད་རྒྱུའི་རེ་བ་བཅངས་ཡོད།
གྲོས་ཚོགས་ཀྱིས་ཟི་ལིང་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དང་གུང་ཧོ་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་བཟོ་སྐྲུན་ཡུལ་དངོས་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་པད་ཁོ། ཀྲུའུ་ཞང་ཧྥིན། ཀྲང་ཧོང་ཡོན། ལོས་ཀང་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཝ་རིང་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་ནི་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་འཕྲུལ་སྒྲིག་ཆེས་ཆེ་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་རྒྱལ་ཡོངས་ཀྱི་འཕྲུག་སྒྲིག་ཆེས་ཆེ་བའི་འཐེན་གསོག་ལས་གཞི་ཡིན་པ་དང་། ཡུས་ཧྲུའུ་དང་མགོ་ལོག་གི་གློག་ལྡོག་གཉིས་པ་དང་སུམ་སྦྲེལ་གློག་གཏོང་སྒྱུར་བཟོ་སྐྲུན་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མཚོ་སྔོན་གྱི་དྲ་སྒྲོམ་གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་བཟོ་སྐྲུན་གལ་གཆེན་ཡིན། བཟོ་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་ལྔ་བཏང་བ་དང་། ལེགས་འགྲུབ་བྱུང་རྗེས་མཚོ་སྔོན་གྱི་རིགས་གསར་གློག་ཤུགས་མ་ལག་འཛུགས་སྐྲུན་བྱེད་པ་དང་ཁུངས་དྲའི་ཐེག་གསོག་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གློག་བཀོལ་དགོས་མཁོ་སྐོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།