རྒྱལ་ཁབ་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཧའེ་ཧི་གཙང་པོའི་བྱང་ཤར་ས་ཁུལ་གྱི་འབྲུབ་འགོག་གནོད་སེལ་ལས་དོན་ལ་བཀོད་སྒྲིག་བྱས།
2023.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་བདུན་ཉིན། རྒྱལ་ཁབ་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་འབྲུབ་འགོག་ལས་དོན་ལ་ཆེད་དོན་བརྙན་ལམ་གྲོས་མོལ་བཀོད་གཏོང་བྱས་ཏེ། ཀྲུང་གོ་གནམ་གཤིས་ཅུའུ་དང་ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱིས་མཉམ་དུ་ཆར་པ་བབས་པའི་གནས་ཚུལ་དང་ཆུ་ཆེར་རྒྱས་པའི་གནས་ཚུལ། གནོད་ཐེབས་གནས་ཚུལ་བཅས་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་ནས། བརྙན་ལམ་ནས་ཐེན་ཅིན་དང་ཧི་པེ། ཅིས་ལིན། ཧེ་ལུང་ཅང་སོགས་ཞིང་ཆེན་འབྲུབ་འགོག་གཞུང་ལས་ཁང་དང་གཙོ་གནད་ས་ཁུལ་གྱི་གནོད་སེལ་ལས་དོན་ལ་བཀོད་སྒྲིག་གང་ལེགས་བྱས།

མིག་སྔར་ཧའེ་ཧི་གཙང་པོའི་འབབ་རྒྱུད་ཀྱི་ཆུ་ལོག་ཐེན་ཅིན་དུ་རྒྱུག་བཞིན་ཡོད་པ་དང་། སུང་ཧྭ་ཅང་གཙང་པོ་དང་ནེན་ཅང་གཙང་པོའི་གཞུང་ཆུའི་ཆུ་ལོག་མུ་མཐུད་དུ་ཆེ་རུ་རྒྱས་བཞིན་ཡོད་ཅིང་། ཆུ་བོའི་དུམ་བུ་ཁག་གཅིག་ཉེན་མཚམས་ལས་བརྒལ་ཡོད་པའི་དབང་གིས། གཙང་པོ་དང་ཆུ་བོའི་ཆུ་རགས་དང་ཆུ་ལོག་གསོག་ཁུལ་གྱི་ཆུ་རགས་ལ་སྐོར་ཞིབ་དང་འགོག་སྲུང་བྱེད་པའི་གནོན་ཤུགས་མངོན་སུམ་ཇེ་ཆེར་སོང་ཡོད། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཀྱིས་ཀྱང་བྱང་ཤར་ས་ཁུལ་ལ་ཤུགས་རྐྱེན་ཐེབས་སྲིད་པས། འབྲུབ་འགོག་གནོད་སེལ་གྱི་གནས་སྟངས་ཡག་པོ་མེད་ལ་ལས་འགན་ཡང་ཧ་ཅང་ལྕི།

གྲོས་མོལ་བྱས་ནས་བསྟན་དོན། ཧའེ་ཧི་གཙང་པོའི་བཞུར་ཁོངས་ཀྱིས་ཆུ་ལོག་རིམ་འགྱུར་དང་ཆུ་ལོག་གསོག་རིང་གི་སྐོར་ཞིབ་འགོག་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། གཙོ་གནད་ས་ཁུལ་ལ་དམ་པོར་དམིགས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་གསོག་ཁུལ་གྱི་འཁྱིལ་ཆུ་ཕྱིར་འབུད་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་གཞི་རྩའི་འཚོ་བར་འགན་སྲུང་གང་ལེགས་བྱེད་དགོས། བྱང་ཤར་ས་ཁུལ་གྱིས་གཙོ་གནད་ལ་དམིགས་ཏེ་གྲལ་བཤེར་མཐིལ་ཕྱིན་དང་ནུས་ཤུགས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱ་རྒྱུར་རྩ་འཛུགས་བྱས་ཏེ། མི་སྣ་གནས་སྤོར་བཀོད་སྒྲིག་སོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་སྒྲུབ་དགོས། ཆར་ཆུའི་གནས་ཚུལ་གྱི་འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་དགོས། འཁྱིལ་ཆུ་ཕྱིར་འབུད་ཀྱི་ལས་དོན་སྤེལ་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཞིང་ལས་ཀྱི་གྱོང་གུད་སྔར་ལས་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ལ། ཆུས་བསྣུབས་པའི་བཟོ་སྐྲུན་གང་མགྱོགས་སླར་གསོ་བྱེད་པ་དང་། ས་གཤིས་གནོད་འཚེ་ཐེབས་ཁུལ་གྱི་འགལ་རྐྱེན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཞོར་ཐོན་གནོད་འཚེ་གཏན་འགོག་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།