ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.08.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 100

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པ་དང་། མིག་སྔའི་ཞོད་འགོག་གནོད་སྐྱོབ་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པར་མ་ཟད། གོ་རིམ་རྗེས་མར་ཞོད་འགོག་ཉེན་སེལ་གནོད་སྐྱོབ་དང་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་བཟང་བོར་བསྒྲུབས་པའི་བྱེད་ཐབས་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཉེ་སྔོན་དྲག་རླུང་དང་དྲག་ཆར་གྱི་ཤུགས་རྐྱེན་དབང་གིས་ས་ཁུལ་སྐོར་ཞིག་ལ་ཆུ་ལོག་གི་གནོད་འཚེ་བྱུང་། ཏང་ཀྲུང་དབྱང་གིས་དེར་མཐོང་ཆེན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ས་ཁུལ་སོ་སོའི་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་བྱེད་བཞིན་ཡོད་ལ། ཐེངས་མང་བོར་མཛུབ་སྟོན་གལ་ཆེན་གནང་སྟེ། སྐུ་དངོས་སུ་བཀོད་སྒྲིག་དང་མཛུབ་སྟོན་མཛད་པ་དང་། བསྟུད་མར་ཉེན་སེལ་གནོད་སྐྱོབ་དང་སླར་གསོ་བསྐྱར་འཛུགས། ཁྱད་པར་དུ་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་པ་སོགས་ཀྱི་ཐད་རེ་བ་གསལ་བོ་བཏོན་ནས། ཞོད་འགོག་གནོད་སྐྱོབ་བྱ་བ་བཟང་བོར་བསྒྲུབས་པའི་ཐད་གཞི་རྩའི་སྲུང་བྱ་དང་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད།

གྲོས་ཚོགས་ནས་བསྟན་དོན། མིག་སྔར་ཆར་ཆུ་མོད་པའི་དུས་སྐབས་སྔར་བཞིན་འདས་མེད་པ་དང་། ད་རུང་དྲག་རླུང་ལྡང་བ་དང་ས་ཁུལ་ལ་ལར་དྲག་ཆར་འབབ་སྲིད་པས། གནོད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་ལས་འགན་ཧ་ཅང་ལྗིད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཏེ། ཟོལ་མེད་ཀྱིས་ཞོད་འགོག་ཉེན་སེལ་གནོད་སྐྱོབ་བྱ་བ་བཟང་བོར་བསྒྲུབས་ནས་ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་བཅས་ལ་འགན་སྲུང་བྱེད་དགོས། ཆུ་ལོག་སྔོན་འགོག་དང་ཉེན་ཁ་སེལ་བར་རྐང་བཙུགས་ནས་བརྡར་གཅོད་ཉེན་བརྡ་གཏོང་བར་ཤུགས་སྣོན་པ་དང་ས་གནས་གཙོ་བོར་དོ་སྣང་བྱེད་པ། ཞོད་འགོག་ཉེན་སེལ་བྱེད་ཐབས་བྱེ་བྲག་ཏུ་དངོས་འབེབས་བྱས་ནས་གནོད་འཚེ་གཞན་པ་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས། མུ་མཐུད་དུ་འབྲེལ་ཐག་ཆད་པའི་མི་སྣའི་འཚོལ་བཤེར་བྱ་བར་ཤུགས་སྣོན་སྒོས་ཚད་ཆེན་པོའི་སྒོ་ནས་མི་སྣའི་ཤི་རྨས་ཇེ་ཉུང་དུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་ཏེ། ཁོ་ཚོར་ཟ་མ་ཡོད་པ་དང་གྱོན་ཆས་ཡོད་པ། གནས་སྐབས་ཀྱི་སྡོད་གནས་ཡོད་པ། འཐུང་ཆུ་གཙང་མ་ཡོད་པ། ནད་བྱུང་ན་དུས་ལྟར་སྨན་བཅོས་ཐུབ་པ་བཅས་ལ་ཁག་ཐེག་བྱེད་དགོས། ཕྱོགས་ཡོངས་ནས་ཁོར་ཡུག་དུག་སེལ་དང་འཕྲོད་བསྟེན་རིམས་འགོག་བྱ་བ་བཟང་བོར་བསྒྲུབས་ཏེ་གནོད་འཚེ་ཆེན་མོའི་རྗེས་སུ་རིམས་ནད་མི་འབྱུང་བར་འགན་སྲུང་བྱེད་དགོས། གཞུང་ལམ་དང་གློག་འདོན། ཆུ་འདོན། འཕྲིན་གཏོང་སོགས་ཀྱི་སྒྲིག་ཆས་མྱུར་མོར་ཞིག་གསོ་བྱེད་པ་དང་། ཚོང་རའི་རིན་གོང་གཏན་འཇགས་ཡོང་བར་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་ཏེ། གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་མོར་སླར་གསོ་བྱེད་དགོས། གནོད་པ་ཐེབས་པའི་ཞིང་ས་དང་ཞིང་ལས་སྒྲིག་ཆས་ཞིག་གསོ་བྱེད་པ་དང་། ཤུགས་ཆེན་པོས་ཞིང་ལས་དངུལ་གཏོང་འགན་སྲུང་ཤུགས་ཚད་ཇེ་ཆེར་བཏང་ནས་ཞིང་བས་གསབ་འདེབས་དང་མྱུར་སྐྱོབ་བྱེད་པར་རྩ་འཛུགས་བྱེད་དགོས། གཏོར་བཤིག་ཐེབས་པའི་སྡོད་ཁང་གི་བསྐྱར་འཛུགས་བྱ་བ་མྱུར་མོར་སྤེལ་ནས། གནོད་ཐེབས་མང་ཚོགས་དག་དགུན་ཁའི་སྔོན་ལ་ཁྱིམ་གཞིས་གསར་བར་སྤར་ནས་བདེ་འཇགས་དང་དྲོད་སྐྱིད་ངང་དགུན་བརྒལ་བར་འགན་སྲུང་བྱེད་པ་དང་། སློབ་གྲྭ་དང་སྨན་ཁང་། རྒན་གསོ་ཁང་སོགས་སྤྱི་བའི་སྒྲིག་ཆས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་སྐུལ་འདེད་བཏང་སྟེ། གནོད་ཐེབས་ས་ཁུལ་གྱི་སློབ་མ་ཚང་མ་དུས་ལྟར་སློབ་གྲྭར་ཕྱིར་ལོག་ཐུབ་པར་ཁག་ཐེག་བྱེད་དགོས། རྒྱང་རིང་ལ་དམིགས་ནས་བྱང་ཕྱོགས་ས་ཁུལ་གྱི་ཆུ་བེད་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་ཆུ་ལོག་དང་ཐན་པའི་གནོད་འཚེ་སྔོན་འགོག་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས།

གྲོས་ཚོགས་ནས་འབྲེལ་ཡོད་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། རིགས་སྣ་ཚོགས་ཀྱི་གནོད་སྐྱོབ་མ་དངུལ་མྱུར་དུ་རྩིས་སྤྲོད་བྱེད་པ་དང་། རྩིས་སྤྲད་བྱེད་ཐུབ་པ་སྔོན་ལ་བྱིན་ནས་སྔ་མོ་ནས་ཁ་གསབ་རོགས་དངུལ་སྟེར་དགོས། དངུལ་ལོར་ལས་ཁུངས་ཀྱིས་གནོད་ཐེབས་ས་ཁུལ་གྱི་ཚོང་གཉེར་ཚོགས་པ་གཙོ་བོ་དང་ཁྱད་པར་དུ་ཁེ་ལས་ཆུང་བ། སྒེར་གྱི་ཚོང་བ། དེ་མིན་ཞིང་བ་དང་གསོ་སྤེལ་ཁེ་ལས། ཞིང་བའི་ཡིད་རྟོན་དངུལ་བུན་བཅས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཤིང་། ཉེན་སེལ་སྐྱིན་ཚབ་སྤྲོད་པའི་ལྷད་མེད་རྒྱུ་ལམ་བཏོད་ནས། སྤྲོད་དགོས་པའི་སྐྱིན་ཚབ་མྱུར་མོར་སྤྲད་དེ་ཚད་ཆེན་པོའི་སྒོ་ནས་ཆུ་ལོག་གནོད་འཚེ་ལས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་དམངས་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།