སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཚེས་7ཉིན་འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་དེ་ཧི་པེ་རུ་གནོད་རྗེས་མྱུར་སྐྱོབ་སླར་གསོ་དང་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་བྱ་བར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས།
གནོད་པ་ཚབས་ཆེན་བྱུང་བའི་ཧི་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་དུ་ཀྲང་གོ་ཆིན་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དང་སྡོད་དམངས་གཞིས་ཁུལ་དུ་སོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཐེབས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་གནང་བཞིན་ཡོད་པ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སོ་སོའི་གནོད་ཐེབས་གནས་ཚུལ་ལ་སེམས་ཁྲལ་ཆེན་པོ་གནང་བཞིན་ཡོད་ལ། དུས་དང་རྣམ་པ་ཀུན་ཏུ་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་དང་གནོད་འཚེའི་འགྱུར་ལྡོག་དང་གནོད་སེལ་འཕེལ་རིམ་ལ་དོ་ཁུར་ཆེན་པོ་གནང་ནས་མྱུར་སྐྱོབ་གནོད་སེལ་དང་མྱུར་སྐྱོབ་སླར་གསོ། ལྷག་པར་དུ་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་དང་འཚོ་བའི་འགན་སྲུང་བྱ་བ་རྒྱུན་མཐུད་ངང་ཡག་པོ་སྒྲུབ་དགོས་པའི་མངགས་བཅོལ་ཡང་ཡང་གནང་ཡོད་པས། ས་གནས་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཙུང་ལི་ལི་ཆང་གི་བླང་བྱ་དོན་འཁྱོལ་བྱས་ཏེ་གནོད་ཐེབས་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ཟེར།
ཁོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བཀོད་འདོམས་ནུས་ལྡན་འོག་ས་ཁུལ་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ཞོད་འགོག་གནོད་སྐྱོབ་བྱས་པས་དུས་འགོའི་ཉེན་ཁ་ཆེ་བའི་གནས་ཚུལ་གལ་ཆེན་དུས་ཐོག་ཏུ་ཚོད་འཛིན་དང་ཁྱད་བསད་ཐུབ་ཡོད། མིག་སྔར། ཧི་པེ་ཡིས་ཉེན་སེལ་གནོད་སྐྱོབ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པའི་དུས་མཚུངས་སུ། སེམས་ཤུགས་གཅིག་སྒྲིལ་གྱིས་མྱུར་སྐྱོབ་སླར་གསོ་དང་གནོད་རྗེས་བསྐྱར་སྐྲུན། ལྷག་པར་དུ་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས།
ཀྲང་གོ་ཆིན་གྱིས་ནན་གྱིས་བསྟན་དོན། མིག་སྔར། ཧི་པེ་ཡི་ཆུ་ལོག་དེ་ཆུ་ཕྱིར་འབུད་ཀྱི་དུས་མཚམས་སུ་སླེབས་ཡོད་པས་ཆུ་ལོག་རྒྱུག་སའི་ཆུ་ལམ་དང་ཆུ་འགོག་རགས་སོགས་ལ་སྐོར་ཞིབ་དང་འགོག་སྲུང་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། རི་ཉིལ་བ་དང་རྡིབ་པ་སོགས་ཞོར་ཐོན་གནོད་འཚེ་ནན་འགོག་བྱས་ནས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་མྱུར་སྐྱོབ་སླར་གསོ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཁོར་ཡུག་དུག་སེལ་དང་འཕྲོད་བསྟེན་རིམས་འགོག་ཡག་པོ་བྱས་ཏེ་གནོད་ཐེབས་མང་ཚོགས་སྔ་མོ་ནས་བདེ་འཇགས་ངང་ཕ་ཡུལ་དུ་ཕྱིར་ལོག་ཐུབ་པ་བྱེད་དགོས། འབྲེལ་ཡོད་ཕྱོགས་སོ་སོས་མངགས་གཏོང་བྱས་པའི་འཕྲལ་བསྟུན་མྱུར་སྐྱོབ་དཔུང་སྡེ་དག་གིས་ས་གནས་དེ་གའི་གཅིག་གྱུར་བཀོད་འདོམས་བཀོད་གཏོང་དང་ལེན་བྱེད་དགོས་ལ། སྤོ་བསྒྱུར་བཀོད་སྒྲིག་བྱས་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཏན་ཏིག་བྱེད་པ་དང་འཚོ་བའི་མཁོ་རྫས་མཁོ་སྤྲོད་བྱེད་རྒྱུར་སྒྲིག་འཛུགས་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་གནོད་ཐེབས་ས་ཁུལ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ལ་མགྱོགས་མྱུར་ངང་མཛུབ་ཁྲིད་བྱེད་པ་དང་། སྔ་མོ་ནས་ཁ་གསབ་རོགས་སྐྱོབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དུས་ཐོག་ཏུ་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་སྐྱེལ་དགོས་ཟེར།
ཤ་བོ་གསེར་མཚོས་བསྒྱུར།