ཟླ་བརྒྱད་པའི་ཚེས་དགུ་ཉིན། རྒྱལ་ཁབ་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས། འབྲུབ་འགོག་གི་ཆེད་དོན་བརྙན་ལམ་གྲོས་མོལ་ལས་དོན་ལ་བཀོད་གཏོང་བྱས་ཏེ། ཀྲུང་གོ་གནམ་གཤིས་ཅུའུ་དང་ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཆར་པ་བབས་པའི་གནས་ཚུལ་དང་ཆུ་རྒྱས་པའི་གནས་སྟངས། ས་གཤིས་ཀྱི་གནོད་འཚེ། ད་ལོའི་རྒྱ་མཚོའི་རླུང་འཚུབ་བཅས་ཀྱི་འཕེལ་ཕྱོགས་ལ་ཞིབ་འཇུག་གང་ལེགས་བྱས་ནས། བརྙན་ལམ་ནས་ཐེན་ཅིན་དང་ཅིས་ལིན། ཧེ་ལུང་ཅང་། ཡུན་ནན་སོགས་ཞིང་ཆེན་གྱི་འབྲུབ་འགོག་གནོད་སེལ་གཙོ་གནད་ས་ཁུལ་གྱི་ལས་དོན་ལ་བཀོད་སྒྲིག་བྱས།
གྲོས་མོལ་བྱས་ནས་བསྟན་དོན། ཧའེ་ཧི་གཙང་པོའི་འབབ་རྒྱུད་དང་སུང་ཧྭ་ཅང་གཙང་པོའི་འབབ་རྒྱུད་ཀྱི་ཆུ་ལོག་གནས་སྟངས་སྔར་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཆུ་ལག་ཁ་ཤས་ཉེན་མཚམས་ལས་བརྒལ་ཡོད་ཅིང་། རྒྱ་མཚོའི་རླུང་འཚུབ་ཀྱིས་བྱང་ཤར་ས་ཁུལ་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ད་དུང་དྲག་ཆར་བསྟུད་མུར་བབས་ནས་སུང་ལེའོ་འབབ་རྒྱུད་ཀྱི་འབྲུབ་འགོག་ལ་ཉེན་ཁ་མང་པོར་འཕྲད་སྲིད། ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་མང་པོ་བབས་ནས་ས་གཤིས་ཀྱི་གནོད་འཚེ་འབྱུང་ངེས་པར་ཚད་མཐོའི་དོགས་ཟོན་བྱེད་དགོས་པ་བཅས་ཀྱི་དབང་གིས། འབྲུབ་འགོག་གནོད་སེལ་གྱི་ལས་འགན་སྔར་བཞིན་ལྕི།
གྲོས་མོལ་བྱས་ནས་བསྟན་དོན། མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ་ཐད་རྩ་འཛུགས་གང་ལེགས་བྱས་ཏེ། ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་ཐབས་བརྒྱ་ཇུས་སྟོང་ངང་རོགས་སྐྱོབ་བྱེད་དགོས་པ་དང་། ཆུ་ཁ་མཐོ་བའི་ཆུ་ཕྲན་གྱི་ཆུ་རགས་དང་ཆུ་ལོག་གསོག་ཁུལ་གྱིས་ཆུ་རགས་བསྐོར་ནས་སྐོར་ཞིབ་དང་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་སྣ་བཀོད་སྒྲིག་བྱས་ནས་དུས་ཐོག་ཏུ་ཉེན་ཁ་སེལ་ཐབས་བྱེད་དགོས། གནོད་ཐེབས་ས་ཁུལ་གྱི་ཁོར་ཡུག་དུག་སེལ་དང་འཕྲོད་བསྟེན་རིམས་འགོག་ལ་སོགས་པའི་ལས་ཀར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས་ལེགས་པར་བསྒྲུབས་ཏེ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་གང་མགྱོགས་བྱེད་དགོས། བྱང་ཤར་ས་ཁུལ་གྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་གང་ལེགས་བྱས་ཏེ། ཆུ་ལོག་ས་གཤིས་ཀྱི་གནོད་འཚེ་དང་ཆུ་བོ་འབྲིང་ཆུང་གི་ཆུ་ལོག གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་སྐྱོན་སོགས་ལྷུ་ཚིགས་ཞན་སར་མངོན་གསལ་དོད་པོས་འགོག་ཟོན་བྱེད་པ་དང་། ཉེན་སེལ་རོགས་སྐྱོབ་ཀྱི་སྟོབས་ཤུགས་སྔོན་འདོན་བྱེད་པ། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་གང་མགྱོགས་ངང་གནས་སྤོར་བཅས་བྱེད་དགོས། ལྷོ་ཕྱོགས་ས་ཁུལ་གྱིས་སྲིད་འཛིན་མགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་གཙོ་བོ་ཡིན་པའི་འབྲུབ་འགོག་འགན་འཁྲིའི་ལམ་ལུགས་ཚང་མ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཞི་རིམ་གྱི་འགོག་སྲུང་འགན་འཁྲི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཆར་པ་འབབ་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཉེན་ཟོན་སྔོན་བརྡའི་དང་ལེན་མཉམ་འགུལ་ལམ་སྲོལ་དང་གཞི་རིམ་གྱི་འགན་འཁུར་བར་དམིགས་པའི་གནས་སྐབས་གནོད་འཚེའི་ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་སྲོལ་དོན་འཁྱོལ་བྱེད་པ། གཙོ་གནད་མི་ཚོགས་ལ་དམ་པོར་དམིགས་པ་དང་། མི་སྣ་གནས་སྤོར་དང་ཉེན་སེལ་གྱི་ལས་དོན་གང་མགྱོགས་ངང་སྒྲུབ་པ། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཞོར་ཐོན་གནོད་འཚེ་མི་ཡོང་བར་ནན་འགོག་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་གང་ལེགས་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།