ཟླ་བརྒྱད་པའི་ཚེས་བཅུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་རིན་ཏི་ཆི་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་ཚབ་བྱས་ཏེ་རིན་ཏི་ཆི་འཁོར་དང་བཅས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ཡང་དག་ངང་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་བྱེད་པ། ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་ངང་སྐྲུན་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པས། འགྲིམ་འགྲུལ་དངུལ་ཁང་གིས་མཚོ་སྔོན་ལ་ཟབ་ཞུགས་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ནས་རྒྱ་ཆེའི་དངུལ་རྩའི་སྒྲིག་གཞི་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།
རིན་ཏི་ཆི་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་འགྲིམ་འགྲུལ་དངུལ་ཁང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། འགྲིམ་འགྲུལ་དངུལ་ཁང་གིས་རྒྱལ་ཁབ་ཚོང་ལས་དངུལ་ཁང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་དང་མཚོ་སྔོན་ལ་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་དང་ཁྱོན་ཡོངས་ནས་ཞིང་གྲོང་དར་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་སོགས་ཐད་དུ་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་རོགས་འདེགས་བྱ་རྒྱུ་ཡིན་ཟེར།
ཐུག་འཕྲད་རྗེས་སུ་ཞིང་ཆེན་སྲིད་གཞུང་དང་འགྲིམ་འགྲུལ་དངུལ་ཁང་གིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཝུའུ་ཞའོ་ཅུན་དང་རིན་ཏི་ཆི་ཡིས་གྲོས་མཐུན་འགོད་པར་བདེན་དཔང་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་འགྲིམ་འགྲུལ་དངུལ་ཁང་གི་རྐང་གཉེར་དབུ་གཙོ་གཞོན་པ་ཧི་ཁྲིན་གཉིས་ཀྱིས་ཕན་ཚུན་གྱི་ཚབ་བྱས་ནས་མིང་རྟགས་བཀོད།