ཟླ་བརྒྱད་པའི་ཚེས་བཅུ་ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས། སྲིད་གཞུང་གི་ཁ་དན་ཚིག་གནས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བརྡ་ཐོ་ཞེས་པ་ཁྱབ་སྒྲོག་བྱས། བརྡ་ཐོ་ལས་བསྟན་དོན། སྲིད་གཞུང་གི་ཁ་དན་ཚིག་གནས་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཞོགས་བཀའ་དགོང་སྒྱུར་དང་དཔོན་རིགས་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ། ཁྲོམ་རའི་དྲང་གཞག་ཉོ་ཚོང་ལ་གནོད་འཚེ་བཟོ་བ། ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བ་སོགས་སྲིད་དོན་གྱི་ཁ་དན་ཚིག་ལ་མི་གནས་པའི་བྱ་སྤྱོད་ཡོད་ཚད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རྒྱུ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་དངུལ་གཏོང་ཡིད་ཆེས་སྔར་ལས་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
བརྡ་ཐོ་ལས་ཁ་དན་ཚིག་ལ་མི་གནས་པའི་སྒོ་ནས་ཆད་གཅོད་བསླབ་འདོམས་དང་ཡིད་རྟོན་བསྐྱར་གསོའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། སྲིད་དོན་ཡིད་རྟོན་ཐོ་འགོད་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་བབ་དང་བསྟུན་ནས་སྲིད་དོན་གྱི་ཡིད་རྟོན་ཤོར་བའི་ཟིན་ཐོ་དེ་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་བྱས་རྗེས་དཔྱད་ཞིབ་གདེང་འཇོག་ནང་འཇུག་དགོས། གོང་སྤེལ་སྒྱུར་བཅོས་མ་ལག་གི་ཡིད་རྟོན་ཤོར་བའི་རིགས་ལ་ཆད་པ་གཅོད་པའི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱེད་དགོས། ཁ་དན་ཚིག་ལ་མི་གནས་པའི་གནས་ཚུལ་ཡོད་པའི་འབྲེལ་ཡོད་ཕྱོགས་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་ལྟར་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་རྒྱབ་སྐྱོར་དང་། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་རེ་ཞུ་ཚོད་འཛིན། མ་དངུལ་བསྡུ་སྒྲིལ་ལས་གཞི་ཁག་གི་འོས་སྦྱོར་ལ་ཚོད་འཛིན་བཅས་བྱེད་རྒྱུ་ཡིན་ལ། སྲིད་གཞུང་གི་ཁ་དན་ཚིག་ལ་མི་གནས་པའི་ཟིན་ཐོ་ཡོད་པའི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་བཅོས་སྒྱུར་ཁོངས་གཏོགས་ཀྱི་ལེགས་འདེམས་སྔོན་འདེམས་དང་ཚོད་ལྟའི་དཔེ་སྟོན་ཐོབ་ཐང་མེད་པར་བཟོ་རྒྱུ་དང་། གྲོང་ཁྱེར་གྱི་ཡིད་རྟོན་ལྟ་ཞིབ་ཚད་ལེན་ཐད་དབང་ཆ་འཕྲི་འཐེན་དང་དབང་ཆ་གཤམ་སྤྲོད་བྱ་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་གྱི་མཚན་སྙན་ནམ་ཡང་ན་དཔྱད་བསྡུར་ནང་ཞུགས་པའི་ཐོབ་ཐང་མེད་པར་བཟོ་རྒྱུའི་བླང་བྱ་བཏོན་ཡོད།
བརྡ་ཐོ་ལས་གཞན་ཡང་ས་གནས་ཀྱིས་ཡིད་རྟོན་ཤོར་བའི་རིགས་ལ་ཆད་པ་གཅོད་པའི་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད་དེ། རིམ་པ་སོ་སོའི་ཡིད་རྟོན་སྣེ་ཁྲིད་སྡེ་ཁག་གིས་སྲིད་གཞུང་གི་ཡིད་རྟོན་ཤོར་བའི་རིགས་ལ་ཆད་པ་གཅོད་པའི་རྐྱེན་སྲོལ་དཔྱད་གཞིར་བཟུང་ནས། རིམ་པ་གཅིག་མཚུངས་ཀྱི་སྲིད་གཞུང་སྡེ་ཁག་གིས་འགན་ནུས་ཁྱབ་ཁོངས་ནང་གི་ཡིད་རྟོན་ཤོར་བའི་རིགས་ལ་ཆད་པ་གཅོད་པའི་བྱེད་ཐབས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཡིད་རྟོན་སླར་གསོའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁས་ལེན་བྱས་པའི་སྡེ་ཁག་གིས་ཁ་དན་ཚིག་ལ་མི་གནས་པའི་བྱ་སྤྱོད་ཡོ་བསྲང་བྱས་ནས། གལ་སྲིད་ཁ་དན་ཚིག་ལ་གནས་པར་གྱུར་ན། འབྲེལ་ཡོད་ཀྱི་ཁ་དན་ཚིག་ལ་མ་གནས་པའི་ཟིན་ཐོ་དུས་ཐོག་ཏུ་སླར་གསོ་བྱས་ནས། དེར་ཁ་དན་ཚིག་ལ་མ་གནས་པར་ཆད་པ་གཅོད་པའི་བྱེད་ཐབས་སྤྱོད་མཚམས་འཇོག་དགོས་ཞེས་བསྟན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།