ནུབ་བྱང་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་ཞབས་འདེགས་ཞུ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་བཞི་པ་ཟླ་བརྒྱད་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཟི་ལིང་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཅན་ཐང་གདན་ཞུ་ལྟར་གྲོས་ཚོགས་ལ་མ་ཞུགས་པར་མ་ཟད་གཏམ་བཤད། ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཞིན་རུང་། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁྲིན་ཡུང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ནུའུ་ཨེར་ལན་ཨ་པུའུ་ཏུའུ་མན་ཅིན། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུན་ཅན་མེན་གྱིས་བརྗེ་རེས་གཏམ་བཤད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལེན་ཧུའུ་ཡིས་མཚོ་སྔོན་གྱི་ནུས་ཁུངས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས། ཧྲན་ཞི་དང་ཀན་སུའུ། ཉིན་ཞ། ཞིན་ཅང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱིས་རང་ཞིང་ཆེན་དང་རང་ལྗོངས་ཀྱི་ནུས་ཁུངས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས།
རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་པུའུ། ནུས་ཁུངས་ཅུའུ། རྒྱལ་ཁབ་གློག་དྲ་ཀུང་ཟིའི་འབྲེལ་ཡོད་ཟི་དང་ཅུའུ་ཡི་འགན་ཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱི་འབྲེལ་ཡོད་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གཞུང་དང་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། མཚོ་སྔོན་གྱི་འབྲེལ་ཡོད་ཁུལ་དང་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།
ཝང་ཡུང་གིས་བསྟན་དོན། ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ཐེངས་འདིའི་གྲོས་ཚོགས་ཀྱིས་དར་གོས་ཚོང་ལམ་གྱི་ལྗང་གློག་བར་ཁྱམས་དང་ནུབ་བྱང་ལྗང་གློག་དམིགས་བསལ་ཁུལ་གསར་སྐྲུན་བྱེད་པ་དང་། དག་གཙང་ཐཱན་དམའ་དང་བདེ་འཇགས་ཀྱི་ནུབ་བྱང་ནུས་ཁུངས་འཕེལ་རྒྱས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་བརྗོད་སྙིང་དུ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་བ་ལག་བསྟར་བྱེད་པ་དང་། ནུབ་བྱང་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཞབས་འདེགས་ཞུ་བའི་ལག་ལེན་གྱི་འགུལ་སྐྱོད་གཙོ་བོ་ཡིན། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་དོན་གལ་ཆེན་ནམ་ཡང་ཡིད་ལ་དམ་པོར་འཛིན་པ། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རང་རྟོགས་སྒོས་དཀྱིལ་སྙིང་ལས་འགན་ལ་ཞབས་འདེགས་ཞུ་བ། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་མོལ་ཕན་ནུས་མཐོར་འདེགས་གཏོང་བ། ཕྱོགས་སོ་སོའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པ། བྱ་བའི་མཉམ་འབྲེལ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ། མི་དམངས་སྲིད་གྲོས་ཆེད་དོན་གྲོས་མོལ་སྡེ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་ཆེད་བྱས་རྗེས་གསར་བ་འཇོག་དགོས།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་ཚབ་བྱས་ནས་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱེ་ངེས་གཏན་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐས་ཇུས་གོ་གནས་བྱིན་ནས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་རླབས་ཆེན་གྱི་འཆར་གཞི་བཀོད། ང་ཚོས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཐོན་ཁུངས་ནུས་ཁུངས་ཀྱི་ཁྱད་སྟོབས་དང་ཁུལ་ཁོངས་འཕེལ་རྒྱས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱས་ནས། དག་གཙང་ནུས་ཁུངས་གཞི་གཅིག་ཅན་གྱི་དུས་རིམ་དུ་ཞུགས་ཐུབ་པར་བྱེད་དགོས། ང་ཚོས་སྲིད་གྲོས་མཉམ་འབྲེལ་གྲོས་ཚོགས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པ། སྤུན་ཟླ་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོའི་བར་གྱི་དག་གཙང་ནུས་ཁུངས་རྟེན་གཞི་དང་རིགས་གསར་གློག་ཤུགས་མ་ལག རླུང་གློག་ཉི་འོད་ནུས་པའི་བཟོ་སྐྲུན། ལག་རྩལ་གསར་གཏོད་ཁྱབ་ཁོངས་བཅས་ཐད་ཀྱི་དངོས་གཉེར་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། མཉམ་དུ་ནུས་ཁུངས་ལྗང་མདོག་ཐཱན་དམའ་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་སྒོས་དར་གོས་ཚོང་ལམ་གྱི་ལྗང་གློག་བར་ཁྱམས་དང་ནུབ་བྱང་ལྗང་གློག་དམིགས་བསལ་ཁུལ་གསར་སྐྲུན་བྱས་ཏེ། མཉམ་དུ་དག་གཙང་ཐཱན་དམའ་དང་བདེ་འཇགས་ཕན་ལྡན་གྱི་ནུབ་བྱང་ནུས་ཁུངས་འཕེལ་རྒྱས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་མ་འོངས་གསར་སྐྲུན་བྱེད་དགོས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་པ་གཙོ་ཐིག་ཏུ་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་དང་ལྗང་མདོག་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ལས་དོན་ཆེན་པོར་ཞབས་འདེགས་ཞུ་བར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་རྒྱུས་ལོན་དང་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་། མི་དམངས་སྲིད་གྲོས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ལས་འགན་གལ་ཆེན་ཐད་ཀྱི་རྒྱུས་ལོན་དང་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་། ནུབ་བྱང་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་ནུབ་བྱང་ཞིང་ལྗོངས་ལྔས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཐད་ཀྱི་ཁྱད་ཆོས་དང་དཀའ་ཁག་གནད་དོན་ལ་དམིགས་ནས། ཁུལ་ཁོངས་རང་བཞིན་གྱི་གྲོས་མོལ་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་པ་དང་། བརྟག་བཤད་ཞིབ་འཇུག་ལ་ཤུགས་སྣོན་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། བློ་འདོན་ཇུས་འབུལ་བྱེད་པ། ས་གནས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་གལ་ཆེན་མངོན་པར་བྱས་ནས། ནུབ་བྱང་ཞིང་ལྗོངས་ལྔས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྲིད་གྲོས་ཀྱི་རིག་སྟོབས་དང་སྟོབས་ཤུགས་འབུལ་དགོས།
ཚོགས་ཐོག་ནས་གྲོས་སྡུར་བྱས་ནས་ནུབ་བྱང་ཞིང་ལྗོངས་ལྔས་དར་གོས་ཚོང་ལམ་གྱི་ལྗང་གློག་བར་ཁྱམས་དང་ནུབ་བྱང་ལྗང་གློག་དམིགས་བསལ་ཁུལ་གསར་སྐྲུན་བྱེད་པའི་གནས་ཚུལ་དང་གྲོས་གཞི་བསམ་ཚུལ་ལ་གྲོས་འཆམ་བྱུང་བ་དང་། ནུབ་བྱང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱི་ཀྲུའུ་ཞིའི་མིང་འབྲེལ་གྲོས་གཞི་དང་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་གྲུབ་པར་བྱས།
རིན་ཆེན་མཚོས་བསྒྱུར།