ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་རྩ་འཛུགས་བྱས་ཏེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ། “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་སྐྲུན་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས་ཆེད་དོན་རྟོག་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ལིས་མེན་དང་མཱ་ཧྲི་ཀུང་། མཱ་ཧྥུའུ་ཁྲང་། ཝང་གོ་ཏུང་། རིན་ཆེན་བཀྲ་ཤིས། པུས་ཧྲིན་ལུང་། ལིག་ཞའོ་རུང་། ཞུས་ཆིན་མེན། ཡོན་ཧུང་ཝེ། ཏིས་ཆིན་ཡུན། བསོད་ནམས་བསྟན་འཛིན། ཤ་བོ་སྒྲོལ་མ། ཅང་ཀྲི་ཀང་བཅས་རྟོག་ཞིབ་ཁྲོད་ཞུགས།
རྟོག་ཞིབ་ཚན་ཆུང་གིས་ཞིང་སྡེ་དང་འབྲོག་ཁུལ། ཁྲོམ་གཞུང་དང་སྡེ་ཁུལ། དམངས་གཉེར་ཁེ་ལས་བཅས་སུ་རིམ་པར་བསྐྱོད་དེ། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་ཁེ་ལས་ཀྱི་ལས་བཟོ་པ། གྲོང་གསེབ་དར་སྤེལ་གཏོང་བའི་སྣེ་ཁྲིད་པ་བཅས་དང་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱས་ནས། ནན་ཏན་ངང་ཉན་པ་དང་ཞིབ་ཏུ་ལྟ་བ། ཞིབ་ཏུ་འདྲི་བ་བཅས་བྱས་པར་མ་ཟད། ཡུས་ཧྲུའུ་ཡི་ས་འགུལ་གནོད་སེལ་རྗེས་དྲན་ཁང་དང་ཁྲི་ཀ་རྫོང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་མི་རིགས་ལས་དོན་ཐད་བཏོན་པའི་བླང་བྱ་ཁ་གསལ་ལ་དམ་པོར་དམིགས་ནས། དངོས་གཉེར་གྱི་བསམ་ཕྱོགས་དང་སྲིད་ཇུས། བྱེད་ཐབས་བཅས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་བར་བརྟེན། གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཏང་གིས་མི་རིགས་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཞི་རྐང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་ཁག་ཚང་མ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་མི་རིགས་ལས་དོན་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་སུ་རྩེ་གཅིག་ཏུ་འབད་དེ། མི་རིགས་ལས་དོན་ལ་དམ་འཛིན་ཡག་པོ་དང་མི་རིགས་ལས་དོན་ཡག་པོ་བསྒྲུབས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་མངོན་སུམ་ཆེ་རུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མཚོ་སྔོན་ནས་རྟག་ཏུ་བཞད་པར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།