མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་དང་པོར་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.08.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་དང་པོར་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་དང་དམངས་ཆེན་བྱ་བའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་བཅུ་གཉིས་ཚོགས་འདུ་ལ་ཞུགས།

ཚོགས་ཐོག་ནས་བལྟས་ན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་ནས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག སེམས་ཤུགས་གཅིག་ཏུ་བསྡུ་བ་དང་བདེན་འཛིན་དངོས་གཉེར་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་དང་རང་སྟེང་འཛུགས་སྐྲུན་སོགས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དམངས་ཆེན་གྱི་རྒྱུགས་ལན་བྲིས་ཡོད་པར་འདོད།

ཚོགས་ཐོག་ནས་བསྟན་དོན། དམངས་ཆེན་གྱི་འཐུས་མིས་ནུས་པ་འདོན་སྤེལ་བྱས་ཏེ། དུས་ནམ་ཡང་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་གཙོར་འཛིན་པ་དང་། ཆབ་སྲིད་དང་བཅའ་ཁྲིམས། འགན་སྒྲུབ་བཅས་ཐད་ནས་མི་བསམ་ཤེས་ཤིག་བྱེད་དགོས། གནས་ཚུལ་དང་ཆབ་སྲིད་ལ་རྒྱུས་ལོན་བྱེད་པ་དང་ནུས་པ་མཐོར་འདེགས་གཏོང་བ་ཡིད་ལ་འཛིན་པ་དང་། ཞིང་ཆེན་གྱི་གནས་ཚུལ་ཤེས་པ་དང་གོང་གི་གནས་ཚུལ་ཤེས་པ། མང་ཚོགས་ཀྱི་གནས་ཚུལ་ཤེས་པར་བྱེད་དགོས། ཁག་ཁུར་འགན་འཁྲི་ནམ་ཡང་ལག་བསྟར་བྱས་ནས། སློབ་སྦྱོང་རྒྱུས་ལོན་དང་བློ་འདོན་ཇུས་འབུལ། སྒྲིག་ལམ་བརྩི་སྲུང་བྱེད་པའི་ཐད་ནས་སྣེ་ཁྲིད་བཟང་བོ་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འཐུས་མིའི་བྱ་བ་ནི་དམངས་ཆེན་བྱ་བའི་རྨང་གཞི་ཡིན་པ་དང་། དམངས་ཆེན་ལས་ཁུངས་ནི་འཐུས་མིས་འགན་འཁྲི་ལག་བསྟར་བྱེད་པའི་ཐུན་མོང་གི་ཞབས་ཞུ་ལས་ཁུངས་ཡིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་སོ་སོས་ཡུན་ཕན་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་དུ་འཐུས་མི་གདན་ཞུ་བྱས་ནས་ཚོགས་འདུ་མི་འཚོགས་པའི་སྐབས་ཀྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་པ། རང་འགུལ་གྱིས་གཞི་རིམ་གྱི་འཐུས་མི་དང་དེ་ཡོད་སའི་སྡེ་ཁག་ལ་འཚམས་འདྲི་བྱེད་པ། འཐུས་མིའི་བསམ་འཆར་ལ་ཉན་པ། འགན་སྒྲུབ་ཐད་ཀྱི་དཀའ་ཁག་ཐག་གཅོད་པར་རོགས་བྱས་ནས། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།