རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ས་ཁུལ་གཙོ་བོའི་ཞོད་འགོག་ཐན་འགོག་དང་ཉེན་སྐྱོབ་བྱ་བར་གྲོས་མོལ་དང་བཀོད་སྒྲིག་བྱས།
2023.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 76

རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས་བཅུ་བཞི་ཉིན་མུ་མཐུད་དུ་ཞོད་འགོག་ཐན་འགོག་ཆེད་དོན་བརྙན་རིས་གྲོས་མོལ་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ་ཀྲུང་གོ་གནམ་གཤིས་ཅུའུ་དང་ཆུ་བེད་པུའུ།  རང་བྱུང་ཐོན་ཁུངས་པུའུ་བཅས་དང་མཉམ་དུ་ཆར་བབས་པའི་གནས་ཚུལ་དང་ཆུ་ལོག་གི་གནས་ཚུལ།  ཐན་པའི་གནས་ཚུལ། གནོད་འཚེའི་གནས་ཚུལ་བཅས་ལ་གྲོས་མོལ་ཞིབ་གཅོད་བྱས་པ་དང་།   ཐེན་ཅིན་དང་ཀན་སུའུ།   ཞིན་ཅང་སོགས་ལ་བརྙན་རིས་བཀོད་གཏོང་བྱས་པར་མ་ཟད།    གཙོ་གནད་ས་ཁུལ་གྱི་ཞོད་འགོག་ཐན་འགོག་དང་གནོད་སྐྱོབ་བྱ་བར་བཀོད་སྒྲིག་ཞིབ་ཚགས་བྱས།

གྲོས་མོལ་གྱི་མཇུག་འབྲས་ལས་མངོན་པ་ལྟར་ན།    ཉེ་ལམ་ས་ཁུལ་མང་པོར་ཆུ་ལོག་དང་འདམ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་བ་དང་།   སུང་ཧྭ་ཅང་གཙང་བོའི་ཆུ་ལག་གཙོ་བོའི་ཆུ་ལམ་ཁག་ཅིག་དང་ཧུའེ་ཧི་གཙང་བོའི་བཞུར་རྒྱུད་སྔར་བཞིན་ཆུ་ལོག་བྲི་བའི་དུས་སྐབས་སུ་གནས་པ་དང་།   ཧི་པེ་དང་ཐེན་ཅིན་གྱི་ཆུ་ལམ་ཆུ་རགས་འགོག་སྲུང་གི་གནད་འགག་དུས་སྐབས་སུ་གནས་ཡོད་ལ།   ལྷོ་ཕྱོགས་ས་ཁུལ་དུ་དྲག་ཆར་འབབ་ཐེངས་མང་ཞིང་།   ཀན་སུའུ་དང་ཞིན་ཅང་སོགས་ས་ཁུལ་དུ་ཐན་པ་འབྱུང་ཚད་ཆེ་རུ་འགྲོ་བཞིན་ཡོད་པས།    ཞོད་འགོག་ཐན་འགོག་གི་གནས་བབ་ཧ་ཅང་ཛ་དྲག་ཏུ་གནས་ཡོད།

འཕྲལ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན།    རིམ་པ་སོ་སོའི་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་ནུས་དང་སྡེ་ཁག་སོ་སོའི་ཆེད་ལས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་།    རིགས་སོ་སོའི་ཞོད་འགོག་ཉེན་སྐྱོབ་སྟོབས་ཤུགས་བཀོལ་སྤྱོད་བཟང་བོ་བྱེད་པ།   ཆུ་ལམ་དང་ཆུ་རགས་ཀྱི་སྐོར་ཞིབ་འགོག་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཉེན་ཁ་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་ཐག་གཅོད་ཐུབ་པར་འགན་སྲུང་བྱེད་དགོས་པ་དང་།   མང་ཚོགས་ཀྱི་གནས་སྤོར་བདེ་སྡོད་བྱ་བ་བཟང་བོར་སྒྲུབ་པ་དང་སྡོད་ཁང་གི་བདེ་འཇགས་བརྟག་དཔྱད་སྔོན་ལ་སྤེལ་ཏེ་གོ་རིམ་ཡོད་པའི་སྒོ་ནས་གནོད་ཐེབས་མང་ཚོགས་ཕྱིར་རང་ཁྱིམ་དུ་ལོག་པར་རྩ་འཛུགས་བྱེད་དགོས་ལ།   ཆུས་གནོད་པ་ཐེབས་པའི་བཟོ་སྐྲུན་སླར་གསོ་དང་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་ཞིག་གསོ་ལས་དོན་མྱུར་དུ་སྤེལ་ཏེ་གནོད་ཐེབས་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སྒོས་སླར་གསོ་བྱེད་དགོས།   གནད་ཕིགས་ཇུས་བསྟར་སྒོས་ཆུ་ལོག་དང་ས་གཤིས་གནོད་འཚེ་སྔོན་འགོག་བྱེད་པ་དང་།   ཆུ་ལོག་དང་འདམ་རུད་སོགས་ཀྱི་མི་མངོན་པའི་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།  མི་ཚོགས་གཙོ་བོའི་བདེ་འཇགས་དོ་དམ་འབུར་དུ་ཐོན་པར་བྱེད་པ།   ཉེན་ཁའི་གནས་ཀྱི་མི་སྣ་གནས་སྤོར་བཅས་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་དགོས།   ཀན་སུའུ་དང་ཞིན་ཅང་སོགས་ཐན་པ་བྱུང་བའི་ས་ཁུལ་གྱིས་རིམ་པ་སོ་སོའི་ཐན་འགོག་འགན་འཁྲི་ཇེ་ཞིབ་ཏུ་གཏོང་བ་དང་བཟོ་སྐྲུན་ལ་བརྟེན་ནས་ཐན་པ་འགོག་པའི་བཀོད་གཏོང་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ།    ཚན་རིག་དང་མཐུན་པའི་སྒོ་ནས་ཆར་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་པ།   ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་ཐད་ཆུ་བཀོལ་བར་གཅིག་གྱུར་འཆར་འགོད་བཅས་བྱེད་པར་མ་ཟད།   ཞོད་འགོག་ཐན་འགོག་གཉིས་མཉམ་དུ་དམ་འཛིན་བྱས་ཏེ་ཞོད་ཐན་འགྱུར་ལྡོག་ལ་སྔོན་འགོག་ནན་མོ་བྱེད་དགོས།

རྒྱུས་ལོན་བྱུང་བ་ལྟར་ན།  རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས་བཅུ་བཞི་ཉིན་རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུའུ་དང་མཉམ་དུ་ཀྲུང་དབྱང་འཕྲལ་བསྟུན་ཉེན་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱས་ཏེ་ཐེན་ཅིན་གྱི་ཞོད་འགོག་སོགས་བྱ་བར་རྒྱབ་སྐྱོར་བྱས།

མིག་སྔར།   རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་པེ་ཅིང་དང་ཐེན་ཅིན།   ཧི་པེ་བཅས་ཀྱི་ཞོད་འགོག་ཐད་རིམ་པ་གསུམ་པའི་འཕྲལ་བསྟུད་བྱེད་ཐབས་སྤྱད་ཡོད་པ་དང་།   བྱ་བའི་ཚན་ཆུང་དང་ཆེད་མཁས་པའི་ཚན་ཆུང་གིས་མུ་མཐུད་དུ་ཐེན་ཅིན་དང་ཧི་པེ་རུ་ཞོད་འགོག་ཉེན་སྐྱོབ་བྱ་བར་གཞོགས་འདེགས་དང་མཛུབ་སྟོན་བྱེད་བཞིན་ཡོད།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།