ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་ཧེ་ལུང་ཅང་དུ་ཞིང་ལས་ཐད་ཀྱི་གནོད་འགོག་གནོད་སེལ་དང་སྟོན་འབྲུ་ཐོན་སྐྱེད། འཕྲོད་བསྟེན་རིམས་འགོག་བཅས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས། ཁོང་གིས་ཞོད་འགོག་གནོད་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་པ། མིག་སྔའི་ཞིང་ལས་ཀྱི་གནོད་འགོག་གནོད་སེལ་དང་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་སྒྲུབ་རྒྱུ་དམ་འཛིན་བྱེད་པ། སྟོན་འབྲུ་ཐོན་སྐྱེད་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ཁག་ཕྱོགས་ཡོངས་ནས་དམ་འཛིན་བཅས་བྱས་ཏེ། འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་དང་གནོད་འཚེའི་རྗེས་སུ་རིམས་ནད་མེད་པ། གཞི་ཁྱོན་རང་བཞིན་གྱི་སྒོ་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བར་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་གནང་། ལིའུ་གོ་ཀྲུང་གིས་གནོད་འཚེ་ཅུང་ཚབས་ཆེ་བའི་ཝུའུ་ཁྲང་གྲོང་ཁྱེར་དང་ཧྲང་ཀྲིག་གྲོང་ཁྱེར་དུ་སོང་ནས་ཞིང་ལས་ཀྱི་གནོད་འགོག་གནོད་སེལ་དང་ཆུ་བེད་སྒྲིག་བཀོད་ལ་གནོད་འཚེ་ཕོག་པ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པར་མ་ཟད། ཞིང་ལས་གནོད་སེལ་དང་ཐོན་སྐྱེད་སླར་གསོ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་མིག་སྔའི་ཞིང་གསུམ་ལས་དོན་ཁྲོད་ཀྱི་དོན་ཆེན་ཞིག་རེད། གནོད་འཚེ་ཕོག་པའི་ས་ཁུལ་གྱི་ཞིང་ཁར་བསྐྱོད་རྒྱུར་སྒྲིག་འཛུགས་བྱས་ནས་ཞིང་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་བྱས་ཏེ་རང་སྐྱོབ་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་གཏོང་དགོས། གནོད་སྐྱོན་ཕོག་པའི་ས་ཞིང་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་ཉམས་གསོ་བྱས་ནས་ཞིང་ལས་ཐོན་སྐྱེད་མགྱོགས་མྱུར་ངང་སླར་གསོ་ཡོང་བར་འགན་ལེན་བྱེད་དགོས། ཞིང་ལས་ཀྱི་གནོད་སེལ་མ་དངུལ་གང་མགྱོགས་སྒོས་དོན་འཁྱོལ་བྱས་ནས་འགན་བཅོལ་གྱོང་གུན་ཁ་གསབ་དུས་ཐོག་ཏུ་ཡག་པོ་སྤྲོད་པ་དང་།ཡིད་རྟོན་དངུལ་བུན་གྱི་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ་རྣམ་པ་གསར་བའི་ཚོང་གཉེར་གཙོ་བདག་དང་ཞིང་ཁྱིམ་དཀྱུས་མར་དམིགས་སའི་རང་བཞིན་གྱི་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས། གནོད་འཚེའི་ཤུགས་རྐྱེན་ཕོག་པའི་དབུལ་ཐར་མང་ཚོགས་ལ་རོགས་སྐྱོར་གྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་གཞི་ཁྱོན་རང་བཞིན་གྱིས་ཡར་བསྐྱར་དབུལ་བོར་མི་འགྱུར་བར་བྱེད་པའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་ཟེར།
ལིའུ་གོ་ཀྲུང་སུའེ་ཧྭ་གྲོང་ཁྱེར་གྱི་ཐོན་ལས་ཁུལ་གཙོ་བོའི་ཞིང་ཁ་དང་ཞིང་ལས་ཚན་རྩལ་གླིང་དུ་བསྐྱོད་ནས་མ་རྨོས་ལོ་ཏོག་དང་སྲན་མ། ཆུ་འབྲས་བཅས་ཀྱི་སྐྱེ་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པར་མ་ཟད། ས་བོན་གསོ་སྤེལ་དང་ས་ནག་སྲུང་སྐྱོང་། ཐོན་མཐོའི་འགག་སྒྲོལ་སོགས་ཀྱི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོང་གིས་མིག་སྔར་གནོད་འཚེའི་ཤུགས་རྐྱེན་ཕོག་མེད་པའི་ས་ཁུལ་གྱི་ཞིང་ལས་ལ་ལོ་ལེགས་ཆེན་པོ་སྨིན་ཡོད་པས། འབྲུ་སྣུམ་གཙོ་བོའི་མུའུ་རེའི་ཐོན་ཚད་གཞི་ཁྱོན་ཆེན་པོས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་། ཐོན་འབབ་བརྟན་པོ་དང་ཐོན་འཕར་ཡོང་བའི་བྱེད་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། ནད་དང་འབུའི་གནོད་པ་འགོག་བཅོས་དང་ཆུ་དང་ཐན་པའི་གནོད་འཚེ་སྔོན་འགོག་ཡག་པོ་བྱས་ནས་སྟོན་འབྲུ་ཐོན་སྐྱེད་བྱེད་པའི་དུས་བབ་བཟང་པོ་དེ་དངོས་འབྲེལ་གྱི་ལོ་ལེགས་འབྲས་བཟང་དུ་འགྱུར་བར་འབད་བརྩོན་གང་ལེགས་བྱེད་དགོས་ཟེར།
ལིའུ་གོ་ཀྲུང་གནོད་ཐེབས་གྲོང་ཚོའི་གནས་སྐབས་སྨན་བཅོས་ས་ཚིགས་སུ་སོང་ནས་གནོད་ཐེབས་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་དང་བརྩེ་བའི་འཚམས་འདྲི་བྱས་པར་མ་ཟད། འཐུང་ཆུའི་བདེ་འཇགས་དང་མང་ཚོགས་ཀྱི་ནད་བརྟག་སྐབས་ཀྱི་སྨན་རྫས་འགན་ལེན་བྱས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས། ཁོས་མིག་སྔར་གྲོང་ཚོ་ཁག་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐེབས་པ་མང་དྲག་པའི་དབང་གིས་ཁོར་ཡུག་ལ་སྦགས་བཙོག་བཟོས་ནས་རྒྱུ་ལམ་སོགས་ཀྱི་འགོ་ནད་ཐོན་སླ་བོ་ཡོད།འཕྲོད་བསྟེན་རིམས་འགོག་གི་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་པ་དང་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ལ་དོ་དམ་ཡག་པོ་བྱེད་པ། འཐུང་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་བཟའ་བཅའི་འཕྲོད་བསྟེན་ལ་ཞིབ་དཔྱད་ཚད་ལེན་ནན་མོ་བཅས་བྱས་ནས་གནོད་འཚེ་ལས་བྱུང་བའི་རིམས་ནད་ཀྱི་ཉེན་ཁ་མཐའ་གཅིག་ཏུ་སེལ་དགོས་ཟེར།