ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐལ་དྲགས་གནམ་གཤིས་དོགས་ཟོན་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གནམ་གཤིས་སྔོན་བརྡ་དང་ཞོད་འགོག་འཕྲལ་བསྟུན་རྐྱེན་སྲོལ་དང་ཡུལ་དངོས་གྲོས་མོལ་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དུས་ཐོག་ཏུ་ནམ་ཟླའི་གནོད་འཚེ་སྔོན་བརྡའི་ཆ་འཕྲིན་སྤེལ་བ། མང་ཚོགས་གནས་སྤོ་ཉེན་གཡོལ་བྱེད་པར་རྩ་འཛུགས་བྱེད་པ། སྟོབས་ཤུགས་ཡོད་རྒུས་གནས་སྐོར་ལྗོངས་རྒྱུ་ཁུལ་སོགས་གཙོ་གནད་ས་ཁུལ་གྱི་བདེ་འཇགས་འགོག་སྲུང་བྱ་བ་བཟང་བོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་བརྙན་རིས་བཀོད་གཏོང་མ་ལག་བརྒྱུད་དེ། ཆར་འབབ་ཚད་མང་བའི་ཁུལ་དང་རྫོང་གི་འགོག་སྲུང་ཁ་གཏད་བྱ་བར་བཀོད་གཏོང་བྱས་པ་དང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་ཡར་ཞུ་ལ་ཉན་ཞིང་། འགོག་སྲུང་དང་ཁ་གཏད་ཐག་གཅོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། མིག་སྔར་ཆར་འབབ་ཚད་ཅུང་མང་བ་དང་། ས་ཁུལ་སྐོར་ཞིག་ལ་གནོད་འཚེ་ཐེབས་པའི་ཉེན་ཁ་ཅུང་ཆེ་ལ། ཞོད་འགོག་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཉེན་ཟོན་མཐོར་འདེགས་གཏོང་བ། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲི་འདུ་ཤེས་སྲུང་འཛིན་བྱས་ཏེ། གྲ་སྒྲིག་བཟང་བོ་བྱེད་པ་དང་བརྟན་སྲུང་ནན་མོ་བྱེད་དགོས། གནམ་གཤིས་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། འགོག་སྲུང་བྱེད་ཐབས་སྣ་ཚོགས་སྔར་ལས་ཇེ་ཞིབ་ཏུ་བཏང་ནས། ཞོད་འགོག་འཕྲལ་བསྟུན་དང་ཉེན་སྐྱོབ་གནོད་སྐྱོབ་སོགས་ཀྱི་གྲ་སྒྲིག་བྱ་བ་ནན་མོར་སྒྲུབ་དགོས། གཙོ་གནད་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་བཟང་བོ་བྱེད་པ་དང་། ཕྱི་རོལ་གྱི་སྟབས་བདེ་ལས་ཁང་དང་བཟོ་སྐྲུན་ཡུལ་དངོས། ས་གཤིས་གནོད་འཚེ་བྱུང་ས། ཆུ་རྐ་དང་གནས་སྐོར་ལྗོངས་རྒྱུ་ཁུལ། གྲོག་རོང་ས་ཁུལ་གྱི་སྡེ་བ་དང་དགོན་སྡེ། དབྱར་དུས་ཀྱི་ཕྱུགས་ར་སོགས་གཙོ་གནད་ཡུལ་གནས་གཙིགས་སུ་འཛིན་པ། རྒྱུན་མཐུད་ངང་ཉེན་ཁ་གྲལ་བཤེར་བྱས་ནས། ཉེན་ཁ་མཐོང་ཚེ་མང་ཚོགས་མྱུར་དུ་གནས་སྤོར་དགོས། ཕྱོགས་ཡོངས་ནས་གནོད་འཚེ་འགོག་སྲུང་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་མཛོད་བསྡུ་གསོག་དང་སྲ་སྒྱུར། འགོག་སྲུང་བྱེད་པའི་གྲ་སྒྲིག་སྣ་ཚོགས་བཟང་བོར་སྒྲུབ་ནས། འཁོར་རྒྱུག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། དུས་ཡུན་ཐུང་ངུའི་ཆར་ཞོད་འབབ་ཚད་ཀྱི་བརྒྱུད་རིམ་ལ་ལྟ་རྟོག་བཟང་བོ་བྱེད་པ་དང་། ཞིང་སའི་འཁྱིལ་ཆུ་བཤང་བ། ཕྱུགས་ལས་ཐོན་སྐྱེད་ཀྱི་སྒྲིག་ལམ་སྲུང་སྐྱོབ་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་གནོད་འཚེ་ཡི་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ཀྱི་གནོད་པ་ཇེ་ཆུང་དུ་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ལག་བསྟར་ནན་མོ་བྱེད་པ་དང་། འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་སྔོན་དུ་བཀོད་འདོམས་བྱེད་པ། འཕྲལ་བསྟུན་ལས་རེས་ལས་སྲུང་ལ་ཤུགས་སྣོན་པ། སྔོན་བརྡ་དང་འཕྲལ་བསྟུན་དང་ལེན་མཉམ་འབྲེལ་ལ་ཤུགས་སྣོན་པ། ས་སྲུང་འགན་ཡོད་དང་ས་སྲུང་འགན་ལེན། ས་སྲུང་འགན་བསྟར་བྱས་ནས། མཉམ་འཛིན་མཉམ་སྡོམ་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་གནོད་འཚེའི་དབང་གིས་འཆི་རྨས་དང་གྱོང་གུད་བྱུང་བའི་ཚད་ཇེ་ཉུང་དུ་གཏོང་དགོས།
ཝང་ལིན་ཧུའུ་ཡིས་མགོ་འཛིན་བྱས།
རིན་ཆེན་མཚོས་བསྒྱུར།