ཉེ་དུས་མཚོ་རླུང་གི་གནོད་པ་ཐེབས་པའི་དབང་གིས། ཧྭ་པེ་དང་རྨ་ཆུ་དང་ཧོའེ་ཧི་གཙང་བོ། བྱང་ཤར་སོགས་ས་ཆ་རུ་ཆར་ཞོད་ཆེན་པོ་བྱུང་ལ། སྔོ་ཚལ་གྱི་སྒྲིག་ཆས་ལ་གནོད་པ་ཐེབས་པ་དང་ཚལ་ཞིང་ཆུས་བསྣུབས། ཞིང་ལས་ཞིང་སྡེ་པུའུ་ཡིས་ཉེ་སྔོན་བྲེལ་མྱུར་བརྡ་སྦྱོར་སྤེལ་ནས། རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་མཛུབ་སྟོན་ལ་ཤུགས་བསྣན་ནས། མིག་སྔའི་གནོད་འགོག་གནོད་སྐྱོབ་དང་སྟོན་དགུན་དུས་ཀྱི་སྔོ་ཚལ་ཐོན་སྐྱེད་དམ་འཛིན་བྱེད་རྒྱུའི་རེ་བ་བཏོན།
གསར་འགོད་པས་ཚེས་བཅུ་བཞི་ཉིན་ཞིང་ལས་ཞིང་སྡེ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྔོ་ཚལ་གྱི་བརྟན་འཇགས་ཐོན་སྐྱེད་དང་མཁོ་འདོན་འགན་སྲུང་ལ་ཁག་ཐེག་བྱེད་ཆེད། ཞིང་ལས་ཞིང་སྡེ་པུའུ་ཡིས་སྔོ་ཚལ་གྱི་ཞོད་འགོག་གནོད་སྐྱོབ་དང་སྟོན་དགུན་དུས་ཀྱི་བརྟན་འཇགས་ཐོན་སྐྱེད་དང་མཁོ་འདོན་འགན་སྲུང་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
བརྡ་སྦྱོར་ལས། ས་ཆ་སོ་སོས་ཚལ་སླེའི་ཧྲི་ཀྲང་གི་འགན་ཁུར་ལམ་ལུགས་གཏན་ཁེལ་བྱེད་པ་དང་། ཐོན་སྐྱེད་འཕེལ་རྒྱས་དང་ཐོན་འཚོང་སྦྲེལ་མཐུད། རྒྱུན་འཁོར་སྐྱེལ་འདྲེན། ཚོང་རའི་སྙོམ་སྒྲིག་ཚོད་འཛིན། རྒྱུ་སྤུས་བདེ་འཇགས་སོགས་ཀྱི་བྱ་བ་སྣ་ཚོགས་ལ་གཅིག་འདོམས་དམ་འཛིན་བྱེད་དགོས། སྔོ་ཚལ་འདེབས་སའི་འཁྱིལ་ཆུ་དུས་ཐོག་ཏུ་ཕྱིར་འབུད་པ་དང་། ཞིང་བར་གྱི་ཆུའི་མཐོ་ཚད་དང་ས་ཞིང་གི་བརླན་ཚད་ཇེ་དམའ་རུ་བཏང་སྟེ། སྟོན་དུས་ཀྱི་རྨོ་འདེབས་ཐད་གྲ་སྒྲིག་བཟང་བོ་བྱེད་དགོས། གནས་སྐབས་སུ་རྨོ་འདེབས་བྱེད་མི་ཐུབ་པའི་ཞིང་ས་རུ་མྱུར་དུ་མྱུག་གསོ་བྱེད་པ་དང་། དུས་ཐོག་ཏུ་སྤོ་འཛུགས་བྱེད་དགོས། སྒྲིག་ཆས་ཐད་ནས་མྱུར་དུ་འཁྱིལ་ཆུ་ཕྱིར་འབུད་པ་དང་སྲ་སྒྱུར་བྱེད་པ་དང་། སྟབས་བདེ་ལས་ཁང་ནང་གི་འཁྱིལ་ཆུ་ཕྱིར་འབུད་པ། གནམ་ཐང་དུས་ཉི་མར་སྐེམ་ནས་སའི་བརླན་ཚད་ཇེ་དམའ་རུ་གཏོང་དགོས་པ་བཅས་ཀྱི་རེ་བ་བཏོན།
བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། མཁོ་འདོན་འཁོར་རྒྱུག་གེགས་མེད་ཡོང་བར་ཁག་ཐེག་བྱེད་དགོས། སྔོ་ཚལ་ཐོན་སྐྱེད་དང་འཁོར་རྒྱུག འཛད་སྤྱོད་ཀྱི་དུས་རིམ་སོ་སོའི་ཆ་འཕྲིན་ལྟ་ཞིབ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། དུས་ཐོག་ཏུ་ཐོན་སྐྱེད་དང་ཚོང་རའི་ཆ་འཕྲིན་སྤེལ་དགོས། རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱེད་པ་དང་། ཞིང་ལས་ཐོན་རྫས་སྐྱེལ་འདྲེན་གྱི་ལྗང་མདོག་ལམ་བུའི་སྲིད་ཇུས་ལག་བསྟར་བྱས་ནས། འཁོར་རྒྱུག་གི་མ་རྩ་ཇེ་དམའ་རུ་གཏོང་བ་དང་། འཁོར་རྒྱུག་གི་ལས་ཆོད་མཐོར་འདེགས་སུ་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།