ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་དང་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། དངོས་འཛིན་ལས་སྒྲུབ་དང་མཁྲེགས་གཏོར་དཀའ་སེལ་བྱེད་པ། སྟོབས་ཤུགས་མཉམ་འདོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ཞིང་ཆེན་ཆུ་བེད་ཐིན་གྱི་ཆུ་དང་མཚེའུའི་དོ་དམ་ཁྲུའུ་དང་། ཆུ་ལོག་དང་ཐན་པའི་གནོད་འཚེ་འགོག་སྲུང་ཁྲུའུ་ནས། ཝུའུ་ཞའོ་ཅུན་གྱིས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དང་ཆུ་དང་མཚེའུའི་དོ་དམ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་ར་ནན་ཏན་གྱིས་ཉན་པ་དང་། བརྙན་རིས་བརྒྱུད་དེ་ཆུ་ལོག་གི་ལྟ་ཞིབ་ཚད་འཇལ་དང་ཆུ་ལོག་དང་ཐན་པའི་གནོད་འཚེ་སྔོན་འགོག་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། ཞིང་ཆེན་ཆུ་བེད་ཐིན་གྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལས་བྱེད་པ་དང་བཞུགས་མོལ་བརྗེ་རེས་བྱས།
ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་བཅོས་སྐྱོང་ཇུས་གཞིའི་ཁྲོད་ཆུ་ནི་སྲིད་དོན་གལ་ཆེན་ཡིན་པས། ཆུ་གྲོན་ཆུང་བྱེད་པ་དང་བར་སྟོང་དོ་མཉམ། མ་ལག་བཅོས་སྐྱོང་། ཕྱོགས་ཡོངས་ཤུགས་སྣོན་བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། གཙོ་གནད་དམ་འཛིན་དང་མི་འདང་ས་ཁ་གསབ། ཉམ་ཞན་ལ་ཤུགས་སྣོན་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཆུ་བེད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ཆུ་ལོག་དང་ཐན་པའི་གནོད་འཚེ་སྔོན་འགོག་བྱེད་པའི་ཐད་ཤུགས་བཏོན་ནས་ཕན་འབྲས་མཐོར་འདེགས་བྱེད་པ་དང་། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཞོད་འགོག་བྱ་བ་དམ་འཛིན་བྱས་ནས་ཆུ་ལོག་སྔོན་འགོག་གི་བདེ་སྲུང་བཟོ་སྐྲུན་དམ་འཛིན་ནན་མོ་བྱེད་དགོས། ཆུའི་ཐོན་ཁུངས་སྲུང་སྐྱོབ་ཐད་ལ་ཤུགས་སྣོན་པ་དང་ཆུ་གྲོན་ཆུང་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་བྱ་བ་ལེགས་བསྒྱུར་བྱེད་པ་དང་། མཁར་གྲོང་གི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས་ནས། ཆུའི་ཐོན་ཁུངས་ལ་གཅིག་བསྡུས་གྲོན་ཆུང་བྱས་ཏེ་ཕན་ནུས་ལྡན་པར་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཆུའི་སྐྱེ་ཁམས་ལ་ཤུགས་སྣོན་པའི་ཐད་ཤུགས་བཏོན་ནས་ཕན་འབྲས་མཐོར་འདེགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚེའུའི་དཔོན་ལམ་ལུགས་ལ་ཤུགས་སྣོན་པ། ཆུ་དང་མཚེའུའི་སྲུང་སྐྱོབ་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་སྟེ། ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་དང་མི་ཆུ་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས། ཆུའི་བཅོས་སྐྱོང་ནུས་པར་ཤུགས་སྣོན་བྱས་ཤིང་། ཁྲིམས་ལྟར་བཅོས་སྐྱོང་དང་བཅོས་བསྒྱུར་གསར་གཏོད། ཚན་རྩལ་ནུས་སྩོལ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལྟ་རྟོག་ཅུའུ་དང་ཕྱོགས་བསྡུས་འཆར་འགོད་ཁྲུའུ། སྐྱེལ་འདྲེན་ཁྲུའུ་བཅས་ནས། ཝུའུ་ཞའོ་ཅུན་གྱིས་རང་ཞིང་གི་ལམ་ཐོག་སྐྱེལ་འདྲེན་བདེ་འཇགས་རིག་ནུས་ལྟ་རྟོག་དོ་དམ་མ་ལག་གི་འཁོར་སྐྱོད་དང་གཞུང་ལམ་དྲ་བའི་འཆར་འགོད། ལམ་ཐོག་སྐྱེལ་འདྲེན་བྱ་བ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས། དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་ཁོས་ནན་གྱིས་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་ནི་རྒྱལ་དམངས་དཔལ་འབྱོར་གྱི་འཕར་རྩ་ཆེན་མོ་ཞིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་ཁག་ཁུར་དངོས་སྒྲུབ་དང་འབད་འཐབ་ཡར་བརྩོན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གདོང་མཆོང་མཁན་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་ཀྱི་དངོས་སྐྱེལ་ལྟེ་བ་མྱུར་དུ་འཛུགས་སྐྲུན་བྱས་ནས། དེང་རབས་ཅན་གྱི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་བྱེད་དགོས།
སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་དང་འགྲིམ་འགྲུལ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་པོར་སྲུང་ནས། ལངས་གཟུགས་དང་འཕྲལ་མྱུར། བཀག་མེད། གྲངས་ལྡན། བདེ་འཇགས། མི་གཞུང་བཅས་ཀྱི་འགྲིམ་འགྲུལ་དྲུག་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
རྟོག་ཞིབ་བྱེད་སྐབས་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་དང་འགྲིམ་འགྲུལ་མ་ལག་གིས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་ཐད་རེ་བ་བཏོན་ནས། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། བསྟུད་མར་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ཟོལ་མེད་ཀྱིས་བྱ་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནན་ཏན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པ་དངོས་འབེབས་བྱས་ཏེ། ཤུགས་ཆེན་པོས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་གསར་འཛུགས་བྱེད་པ་དང་། སྤྱོད་གཙང་དྲང་བདེན་དང་ལས་སྒྲུབ་ལས་སྐྲུན་གྱི་ཁོར་ཡུག་བཟང་བོ་གསར་བསྐྲུན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྔར་ལས་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
ཚེ་རིང་ཐར་དང་ཧི་ལུའུ་ཁྲུང་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།