སྡེ་ཁག་གཉིས་ཀྱིས་གཙོ་གནད་ས་ཁུལ་གྱི་ཞོད་འགོག་ཐན་འགོག་ལས་དོན་ལ་བཀོད་སྒྲིག་བྱས།
2023.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་རྩ་འཛུགས་བྱས་ནས་མུ་མཐུད་དུ་ཞོད་འགོག་ཐན་འགོག་གི་ཐད་ཆེད་དོན་བརྙན་ལམ་གྲོས་མོལ་བཀོད་གཏོང་བྱས་ཏེ། ཀྲུང་གོ་གནམ་གཤིས་ཅུའུ་དང་ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱིས་མཉམ་དུ་ཆུ་ལོག་གི་གནས་ཚུལ་དང་ཐན་སྐྱོན་འཕེལ་བའི་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་དེ། བརྙན་ལམ་ནས་ཐེན་ཅིན་དང་ཀན་སུའུ། མཚོ་སྔོན་སོགས་ཀྱི་ཞིང་ཆེན་ལ་བཀོད་གཏོང་བྱས་ནས། གཙོ་གནད་ས་ཁུལ་གྱི་ཞོད་འགོག་ཐན་འགོག་ལས་དོན་ལ་བཀོད་སྒྲིག་བྱས།

གྲོས་མོལ་བྱེད་སྐབས་ཐེན་ཅིན་དང་ཧི་པེ་སོགས་ཀྱི་ཆུ་རགས་སྐོར་ཞིབ་འགོག་སྲུང་དང་འཁྱིལ་ཆུ་ཕྱིར་འབུད་གེགས་སེལ་ལས་འགན་སྔར་བཞིན་ལྕི།  ཉེ་ལམ།  རྒྱལ་ཡོངས་སུ་ཆར་བ་འབབ་ཚད་སྤྱིའི་ཆ་ནས་ཇེ་ཆུང་དུ་སོང་ནའང་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་འབབ་པའི་གནས་སྟངས་ཡོད་ཅིང་། ས་གནས་ཁ་ཤས་ལ་དུས་ཡུན་ཐུང་ཐུང་གི་ནང་དུ་ཆར་བ་དྲག་པོ་འབབ་ཀྱིན་པ་དང་གཏད་རྒྱུག་ཆེ་བའི་གནམ་གཤིས་ཐོན་གྲངས་མང་། མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་ཀྱི་ས་ཆ་ཁག་གཅིག་ཏུ་དྲག་ཆར་བསྟུད་མུར་འབབ་སྲིད་པ་དང་། དེ་དང་བསྟུན་ནས་གནོད་འཚེ་ཐོན་ཉེན་ཧ་ཅང་ཆེ། ནང་སོག་གི་དབུས་ནུབ་རྒྱུད་དང་ཞིན་ཅང་གི་བྱང་རྒྱུད། ཀན་སུའུ་སོགས་ས་ཁུལ་ཁག་གཅིག་ཏུ་ཐན་སྐྱོན་ཚབས་ཆེན་བྱུང་ཡོད་པར་མ་ཟད། ཐན་སྐྱོན་གྱི་ཚབས་སྔར་ལས་ཇེ་ཆེར་འགྲོ་སྲིད།

གྲོས་མོལ་བྱེད་སྐབས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གྱིས་ཆུ་རགས་སྐོར་གཡེང་ཞིབ་བཤེར་དང་། ས་ཞིང་གི་འཁྱིལ་ཆུ་ཕྱིར་འབུད་སོགས་དམ་འཛིན་ཡག་པོ་བྱས་ནས། ཉེར་མཁོའི་འཚོ་བའི་དངོས་ཟོག་བཀོད་གཏོང་དང་མཁོ་སྤྲོད་ལ་ཤུགས་བསྣན་ནས། གནོད་སེལ་ཡག་པོ་བྱེད་དགོས་པ་དང་། འགྲིམ་འགྲུལ་དང་གློག་ཤུགས། ཆུ་མཁོ་འདོན། ཆུ་ཕྱིར་འབུད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་གལ་ཆེན་མྱུར་མོར་ཞིབ་གསོ་བྱས་ཏེ། དུས་ཐོག་ཏུ་གཙང་སེལ་བྱེད་དགོས། མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་ས་ཁུལ་གྱིས་ས་ཆ་ཁ་ཤས་ཀྱི་དྲག་ཆར་སྔོན་འགོག་དང་ཁ་གཏད་འཇལ་བའི་ལས་དོན་དམ་འཛིན་གང་ལེགས་བྱས་ནས། ཆར་བ་འབབ་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། ཉེན་ཁ་ཆེ་བའི་ས་ཁོངས་དང་ཉེན་ཁ་ཆེ་བའི་གནས་ལ་དམ་པོར་དམིགས་ཏེ། ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་མི་སྣ་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་གནས་སྤོ་བྱེད་དགོས། ནང་སོག་དང་ཞིན་ཅང་། ཀན་སུའུ་སོགས་ཐན་སྐྱོན་བྱུང་བའི་ས་ཁུལ་གྱིས་ཐན་འགོག་སྤྱོད་ཆུའི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་དགོས། ཐན་འགོག་ཆུ་འགོའི་གཅིག་གྱུར་བཀོད་གཏོང་དོ་དམ་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་མཉམ་དུ། ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་ཐད་སྤྱོད་པའི་ཆུར་འགན་ལེན་གང་ལེགས་བྱེད་དགོས།

གཞན་ཡང་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ནང་སོག་དང་ཀན་སུའུ། ཞིན་ཅང་བཅས་ལ་དམ་པོར་དམིགས་ཏེ་ཐན་འགོག་གི་རིམ་པ་བཞི་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད། 

བན་དེ་སྐྱབས་ཀྱིས་བསྒྱུར།