ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དངོས་འབེབས་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་དང་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་དང་བདེ་འཇགས་ཐོན་སྐྱེད། མཁར་གྲོང་གི་སོལ་རླངས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་བྱ་བ་བཅས་ཀྱི་གནས་ཚུལ་སྙན་ཞུ་བྱས་པར་ཉན། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་ཚན་རིག་བརྡར་གཅོད་ལ་གོ་བ་ཟབ་མོ་ལེན་པ་དང་ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དངོས་འབེབས་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་དགོངས་པ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་གཞིར་བཟུང་ནས། སྔོན་ལྟར་གཏན་འཇགས་འཕར་སྣོན་དང་ལས་ཞུགས་གཏན་འཇགས། དངོས་གོང་གཏན་འཇགས་ཡོང་བར་བྱས་ནས། གཙོ་བོར་ཞབས་འདེགས་ཞུ་བ་དང་། གཏན་འཇགས་བཟོ་ལས། དངུལ་གཏོང་ཇེ་མང་དུ་གཏོང་བ་བཅས་དམ་འཛིན་བྱས་ཐོག སྐྱེ་ཁམས་ཁོར་ཡུག་སྲུང་བ་དང་གཞི་རྩའི་དམངས་ཚིས་སྲུང་བ། བདེ་འཇགས་ཚད་མཐའ་སྲུང་ནས། དུས་ཚིགས་གསུམ་པར་འབད་འཐབ་དང་ལོ་ཧྲིལ་བོའི་རྒྱལ་ཁར་འགན་སྲུང་བྱས་ཏེ་འཕར་འདེགས་ཀྱི་གནས་བབ་བཟང་བོ་བསྟུད་མར་སྲ་བརྟན་དུ་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། བདེ་འཇགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་པར་བྱས་ནས། དུས་ངེས་མེད་དུ་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་དངོས་འབེབས་གང་ལེགས་བྱེད་པ་དང་། འགན་འཁྲི་མུ་རྒྱུན་དངོས་འབེབས་བྱེད་པ་དང་ཡུན་ནུས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ངོ་བོའི་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱེད་དགོས། བྱ་འགུལ་གལ་ཆེན་དང་ཉེན་ཁའི་རྫས་འགྱུར་ཐོན་རྫས། ལམ་ཐོག་འགྲིམ་འགྲུལ། བཟོ་སྐྲུན་ལས་ཡུལ། མཛེས་ལྗོངས། གཏེར་ཁ། མེ་གསོད་སོགས་ལས་རིགས་ཁྱབ་ཁོངས་དང་ཉོ་ཚོང་ལྟེ་གནས་ཆེ་གྲས་དང་། སྨན་ཁང་། སློབ་གྲྭ་སོགས་མི་མང་བོ་འདུས་སྡོད་བྱེད་སའི་ཡུལ་ནས་མི་མངོན་པའི་ཉེན་ཁ་རྩད་ཞིབ་དང་དག་ཐེར་བཅོས་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་རང་བྱུང་སོལ་རླངས་ཀྱི་བདེ་འཇགས་ཐད་ཀྱི་དག་ཐེར་བཅོས་སྐྱོང་བྱ་བ་སྤེལ་ཏེ། ཟོལ་མེད་ཀྱིས་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་དགོས། ལྟ་ཞིབ་ཚད་འཇལ་དང་ཉེན་བརྡ་གཏོང་བ། སྐོར་ཞིབ་བྱེད་པ། ལས་རེས་བྱེད་པ་བཅས་ལ་ཤུགས་སྣོན་བྱེད་པ་དང་། འབོད་སྐུལ་གཏོང་བ་དང་གསལ་འདེབས་བྱེད་པའི་རྐྱེན་སྲོལ་དངོས་འབེབས་བྱས་ནས་ཞོད་འགོག་བྱེད་ཐབས་སྣ་ཚོགས་དངོས་འབེབས་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་སྐབས་ཉེར་བཞི་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བྱ་བའི་སྤྱི་སྡོམ་སྐོར་གྱི་སྙན་ཞུར་ཉན། གྲོས་ཚོགས་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ནན་ཏན་གྱིས་ཉམས་མྱོང་སྤྱི་བསྡོམས་བྱེད་པ། སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་པ། ཤུགས་ཆེན་པོས་ཆིངས་བཀོད་ལས་གཞི་དངོས་འབེབས་བྱེད་པ་དམ་འཛིན་བྱས་ཏེ། གསར་འབྱེད་གསར་གཏོད་བྱ་བ་གཏིང་ཟབ་ཏུ་སྤེལ་ནས་སྒོ་འབྱེད་ཀྱི་རིམ་པ་སྔར་ལས་མཐོ་བ་དང་འགྱེད་འཕྲོའི་སྒུལ་ཤུགས་སྔར་ལས་ཆེ་བའི་རྒྱལ་སྤྱི་ཅན་གྱི་འགྲེམ་སྟོན་ཚོགས་འདུའི་སྟེགས་བུ་གསར་བསྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་སྲིད་འཛིན་ཆད་གཅོད་ཀྱི་ཉན་ཞིབ་ལས་རིམ་བྱེད་ཐབས་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི་སྔར་ལས་ལྷག་པའི་སྒོག་ནས་ནོར་སྲིད་ལྟ་རྟོག་ཞིབ་བཤེར་ཤུགས་སྣོན་པའི་ལག་བསྟར་ཇུས་གཞིའི་གོང་སྤྲད་མ་ཡིག་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོང་སྐྱེལ་འདྲེན་རླངས་འཁོར་གྱི་ཐེག་ཚད་དང་མྱུར་ཚད་བརྒལ་བའི་བྱ་བ་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་འཆར་ཟིན་ལ་གྲོས་བསྡུར་བྱས་ཏེ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བར་མ་ཟད། ལས་རིམ་ལྟར་དུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།