ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས་ནས། བརྗོད་དོན་སློབ་གསོའི་ངེས་ཀློག་དང་འདེམ་ཀློག་དཔེ་ཆའི་དཀར་ཆག་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཆེས་གསར་བའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན། རྫོང་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གཏན་ཁེལ་འགའ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཞོད་འགོག་རྒུད་སྐྱོབ། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བ་བཟང་བོར་སྒྲུབ་པའི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཤུགས་དང་ལྡན་པའི་ལྟ་སྐུལ་བྱེད་ཐབས་བརྒྱུད་དེ། གནོད་འཚེ་དང་ཉེན་ཁ་སྔོན་དཔོག་སྔོན་བརྡ་དང་གནད་ཕིགས་འགོག་སྲུང་གི་ནུས་པ་མཐོར་འདེགས་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཕྱོགས་ལྔའི་ཐད་ཀྱི་ཞིབ་དཔྱད་ཚད་གཞི་དམིགས་གཏད་དུ་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་ནི་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན་པས། སློབ་སྦྱོང་དང་རྒྱུས་ལོན་བཟང་བོ་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ནང་ཁུལ་གྱི་གཟབ་ནན་དང་ནན་ཏན་གྱི་ཆབ་སྲིད་འཚོ་བའི་ཡུན་རིང་གི་སྦྱོང་བརྡར་བརྒྱུད་དེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་་བཅས་མཐོར་འདེགས་བཏང་ནས། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།