ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་ནས་མཚོ་སྔོན་དགེ་འོས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭའི་མཉམ་འབྲེལ་གྲོས་ཚོགས་སྐབས་དྲུག་པར་ཞུགས་པར་ཡོང་བའི་པེ་ཅིང་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅན་ཕིང་སོགས་ལ་ཐུག་འཕྲད་བྱས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་པེ་ཅིང་དགེ་འོས་སློབ་ཆེན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་སློབ་གསོའི་ལས་དོན་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་ནི་ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། པེ་ཅིང་དགེ་འོས་སློབ་ཆེན་གྱིས་འགན་ཁུར་གྱི་འདུ་ཤེས་དྲག་པོས་རིག་ཚན་ཆེད་ལས་དང་འཇོན་མིའི་ཐོན་ཁུངས་སོགས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། ཚོགས་ཁག་རྣམ་པ་ཅན་གྱི་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ། མཚོ་སྔོན་དགེ་འོས་སློབ་ཆེན་དང་མཚོ་སྔོན་གྱི་སློབ་གསོ། མཚོ་སྔོན་གྱི་འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། མིག་སྔར་ཞིང་ཆེན་གོང་འོག་ཚང་མས་འབད་བརྩོན་ཆེན་མོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་ཡོད་པས། དེར་འཚམ་པའི་མཐོ་རིམ་འཇོན་མིའི་དགོས་མཁོ་ཧ་ཅང་ཆེ། ཕྱོགས་གཉིས་ཀྱིས་རྒྱུན་ཆད་མེད་པར་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཟབ་ཚད་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་གྱི་མཐོ་རིམ་སློབ་གྲྭས་སྔར་ལས་ལྷག་པའི་སྒོ་ནས་རང་སྟེང་གི་འཕེལ་རྒྱས་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བར་རོགས་འདེགས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འཇོན་མིའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
ཁྲིན་ཅན་ཕིང་གིས་པེ་ཅིང་དགེ་འོས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་དགེ་རྒན་དཔུང་སྡེ་ལེགས་སྒྱུར་འཆར་གཞིའི་དགེ་འོས་སློབ་མར་བསྐུར་བའི་འཕྲིན་ལན་གྱི་དགོངས་དོན་གཏིང་ཟབ་ཏུ་དངོས་འབེབས་བྱས་ཤིང་། ཕྱོགས་ཡོངས་ནས་དགེ་རྒན་དཔུང་སྡེ་ཇེ་དྲག་ཏུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ནས། ཕྱོགས་མང་བོ་ནས་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གཞི་རྩའི་གནས་ཚུལ་དང་མ་འོངས་པའི་འཆར་འགོད་མཚམས་སྦྱོར་མདོར་བསྡུས་བྱས། ཁོས་བསྟན་དོན། པེ་ཅིང་དགེ་འོས་སློབ་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་དགེ་འོས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། དགེ་རྒན་གྱི་སློབ་གསོའི་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རྨང་གཞིའི་སློབ་གསོར་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོར་འདེགས་བྱེད་རྒྱུ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ས་ཁམས་དང་སྐྱེ་ཁམས། ཁོར་ཡུག ཚེ་སྲོག་ཚན་རིག་སོགས་ཀྱི་རིག་ཚན་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་གནོད་འཚེའི་ཉེན་ཁའི་དོགས་ཟོན་ལ་ཞབས་འདེགས་ཞུས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་བདེ་འཇགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་རིམ་པའི་སློབ་གྲྭའི་མཉམ་ལས་ཀྱི་རྣམ་པ་གསར་བ་དང་འགྲན་ལམ་གསར་བ་འཚོལ་ཞིབ་བྱེད་པ་དང་། མཚོ་སྔོན་གྱི་རྨང་གཞིའི་སློབ་གསོར་སྐུལ་ཁྲིད་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ནུས་པ་འདོན་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།