ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དོན་འཁྱོལ་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐོག་མར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། འགྱུར་ལྡོག་ཆེན་པོ་བཞིར་རྒྱུས་ལོན་ཟབ་མོ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས། སྐྱོད་ལམ་གསར་བའི་སྟེང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཐག་གཅོད་ཡང་དག་བྱེད་དགོས་པའི་འབྲེལ་བ་ཆེན་པོ་ལྔ་ཁོར་དུ་ཆུད་པར་བྱེད་པ་དང་། ལངས་གནས་སྔར་ལས་མཐོན་པོ་དང་མིག་རྒྱ་སྔར་ལས་ཆེན་པོ། སྟོབས་ཤུགས་སྔར་ལས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་དགོས། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བྱ་བ་སྤེལ་བའི་བཟོ་སྐྲུན་པར་རིས་སུ་བསྒྱུར་ནས། རེ་རེ་བཞིན་ལག་བསྟར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཐོན་སྐྱེད་རྣམ་པ་དང་འཚོ་བའི་རྣམ་པའི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོབ་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཆེར་བསྐྱེད་དེ། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱེད་པ། ཚད་སྤུས་གཉིས་ལ་མཐོང་ཆེན་བྱེད་པ་དང་ཁྲིམས་འཛིན་ནན་མོ་བྱེད་པ། གོ་རིམ་ལྡན་པའི་ངང་སྤེལ་བ། རྒྱུན་མཐུད་ངང་བེད་སྤྱོད་བྱེད་པ་སོགས་ཀྱི་བླང་བྱ་གལ་ཆེན་འབུར་དུ་ཐོན་པར་བྱེད་པ། བྱེད་ཐབས་སྔར་ལས་བཟང་བོ་སྤྱོད་པ། རྨོ་ཞིང་གི་དམར་མཚམས་བརྟན་སྲུང་བྱས་ནས། སྟོབས་ཤུགས་ཡོད་རྒུས་རྨོ་ཞིང་སྤུས་ཚད་མཐོར་འདེགས་གཏོང་དགོས། རང་ཞིང་གི་བ་ཚྭ་ཅན་གྱི་སའི་ཐོན་ཁུངས་ཀྱི་གནས་བབ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཆུའི་ཐོན་ཁུངས་དང་མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། ས་བབ་དང་བསྟུན་ནས་བ་ཚྭ་ཅན་གྱི་རྨོ་ཞིང་སྒྱུར་བཀོད་མཐོར་འདེགས་ལ་ཤུགས་སྣོན་པ། བ་ཚྭ་ཅན་གྱི་སའི་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཚན་རིག་བརྡར་གཅོད་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ངེས་ཤུགས་སྲུང་འཛིན་བྱེད་པ། འབད་འཐབ་ལྷོད་མེད་བྱེད་པ། འཛད་སྤྱོད་རྒྱ་བསྐྱེད་པ་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། མཁར་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་ཁུལ་ཁོངས་མཉམ་ལས་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཉེན་ཁ་ཆེན་པོ་འགོག་སྲུང་དང་ཐག་གཅོད་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པ། སྲིད་འཛིན་ཕན་ནུས་མཐོར་འདེགས་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།