ཧན་ཀྲིན་གྱིས་ཏེན་མག་གི་ཕྱི་འབྲེལ་བློན་ཆེན་ལ་མཇལ་འཕྲད་གནང་།
2023.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཏེན་མག་གི་ཕྱི་འབྲེལ་བློན་ཆེན་ལཱ་ཟི་མུའུ་སུན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཏེན་མག་བར་གྱི་མཉམ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་གྲུབ་འབྲས་ཆེན་པོ་ལྡན། ད་ལོ་ནི་ཀྲུང་གོ་དང་ཏེན་མག་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་འཁོར་བའི་ལོ་ཡིན་པ་དང་། མི་འགྱངས་པར་རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་གིས་མཉམ་དུ་ཕྱི་ཕྱོགས་ལ། 《ཀྲུང་གོ་དང་ཏེན་མག་གི་ལྗང་མདོག་མཉམ་འབྲེལ་ལས་དོན་ཇུས་གཞི》ཁྱབ་བསྒྲགས་བྱས་ནས། དུས་རིམ་རྗེས་མའི་ཕྱོགས་གཉིས་ཀའི་དངོས་སྒྲུབ་མཉམ་ལས་དང་ལྷག་པར་དུ་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་བཅས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཏེན་མག་ཕྱོགས་དང་མཉམ་ལས་བྱས་ནས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་སེལ་བྱས་ནས། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཁྲོད་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལཱ་ཟི་མུའུ་སུན་གྱིས་རྒྱལ་ཁབ་གཉིས་བར་དུས་ཡུན་རིང་བོའི་འགྲོ་འོང་གི་ལོ་རྒྱུས་ཡོད་ལ་འཕེལ་རྒྱས་ཀྱི་རྣམ་པ་ཡང་ལྡན།  ཏེན་མག་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དམིགས་འབེན་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་འབད་བརྩོན་གང་ལེགས་བྱས་པར་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོའི་བར་གྱི་ལྗང་མདོག་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།