ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཁག་གི་ཏང་ཙུའུ་དང་ཏང་ཨུས་ལས་ཁུངས་ཀྱི་ཏང་འཛུགས་རང་བདག་འགན་འཁྲི་དོན་འཁྱོལ་བྱེད་པའི་བཞུགས་མོལ་བརྗེ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས།
2023.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཁག་གི་ཏང་ཙུའུ་དང་ཏང་ཨུས་ལས་ཁུངས་ཀྱི་ཏང་འཛུགས་རང་བདག་འགན་འཁྲི་དོན་འཁྱོལ་བྱེད་པའི་བཞུགས་མོལ་བརྗེ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།  ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཀྱི་ཏང་འཛུགས་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྡེ་ཁག་གི་ཏང་ཙུའུ་དང་ཏང་ཨུས་ལས་ཁུངས་ཀྱི་ཏང་འཛུགས་རང་བདག་འགན་འཁྲི་དོན་འཁྱོལ་བྱེད་པ། ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། “སྲུང་སྐྱོང་གཉིས”ལག་བསྟར་ཡག་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཚའེ་ཆི་ཡིས་ལས་རིགས་གཙོ་བོ་དང་མི་སྣ་གཙོ་བོའི་འདུ་ཤེས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། བསམ་བློ་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན། ལས་སྒོ་འཛུགས་སྐྲུན་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བླང་བྱ་ཆ་ཚང་དང་གཟབ་ནན། བཅོས་སྐྱོང་གི་འདུ་ཤེས་བཅས་རང་བདག་འགན་འཁྲི་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྡེ་ཁག་སོ་སོའི་ཏང་ཙུའུ་དང་ཏང་ཨུས་ལས་ཁུངས་ཀྱི་ཏང་འཛུགས་རང་བདག་འགན་འཁྲི་དོན་འཁྱོལ་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།