ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གྲོས་ཚོགས་ཐེངས་བདུན་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གསུང་བཤད་གནང་།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས། ཏང་ཁག་སོ་སོ་དང་། ཚོགས་པ་དང་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་དང་མི་སྣར་མཐུན་སྒྲིལ་སྒོས་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཨུ་ཡོན་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་སྲིད་གླེང་ཧུར་ཐག་བྱས་ནས། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་འབུལ་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ཨུ་ཡོན་ཚོས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ནན་ཏན་བླངས་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ཆེད་དུ་བློ་འདོན་ཇུས་འབུལ་གང་མང་བྱེད་དགོས་ཞེས་གསུངས།
ཚོགས་ཐོག་ནས་གྲོས་ཞིབ་བྱས་ཏེ《སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ཞེས་པ་དང་། 《སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་རིགས་ཁོངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》ལ་གྲོས་འཆམ་བྱུང་བ་དང་། གོང་གསལ་གྱི་ཡིག་ཆའི་འཆར་ཟིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས། ཝང་ཧུའུ་ཉིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུ། “མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཨུ་ཡོན་གྱིས་ལས་རིགས་སོ་སོའི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བའི”ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་། འབྲེལ་ཡོད་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་པ་དེའང་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། དུས་རབས་གསར་བའི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས་པ་ཞིག་ཡིན་ཞེས་གསུངས།
ཚོགས་ཐོག་ནས《སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གཞུང་ལུགས་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》ཞེས་པ་དང་། 《སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི་ཆ་འཕྲིན་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཧྲིན་ཡུའེ་ཡུའེ་དང་ཝང་ཡུང་། ཀའོ་ཡུན་ལུང་། ཅང་ཙོ་ཅུན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་གཏམ་བཤད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།