ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་དགེ་སློབ་ལ་ཡིག་ལན་བསྐུར།
2023.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཏི་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་དགེ་སློབ་ལ་ཡིག་ལན་བསྐུར་ནས། ཁོ་ཚོས་རྒྱ་ཡིག་སློབ་སྦྱོང་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་ལོ་བཅུའི་སྔོན་དུ་ངས་ཏི་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དངོས་སུ་བཙུགས་པར་བདེན་དཔང་བྱས་ཡོད། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གཞི་ནས་རྒྱལ་ཁབ་གཉིས་ཀའི་སློབ་གསོ་དང་རིག་གནས་བརྗེ་རེས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་ན་གཞོན་གང་མང་ཞིག་གིས་རྒྱ་ཡིག་སྦྱངས་པ་བརྒྱུད་དེ་གཞི་ནས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་བྱས་ཏེ། ལས་རིགས་གདམ་གའི་ལམ་བུ་སྔར་ལས་ཇེ་ཡངས་སུ་ཕྱིན་པ་དང་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱུང་བས་ང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་བྱུང་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་བར་དུ་བློ་མཐུན་དང་ཕུ་ནུ་ལྟ་བུའི་དམིགས་བསལ་མཛའ་མཐུན་ཡོད་ཅིང་། ཕན་ཚུན་གྱི་སྐད་ཡིག་རིག་གནས་སློབ་སྦྱོང་དང་ཤེས་རྟོགས་བྱས་པ་ཡིན་ན། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཡོང་བར་མ་ཟད། མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་ཐུབ། ཁྱོད་ཚོས་རྒྱ་ཡིག་ཡག་པོ་སྦྱོང་བའི་དུས་མཚུངས་སུ། ཀྲུང་གོར་མང་ཙམ་ཡོང་ནས། ཀྲུང་གོར་ངོས་འཛིན་དང་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱེད་པ་དང་། རང་གི་བསམ་བློ་དང་མཐོང་ཐོས་སྤྱད་དེ་བདེན་པ་དང་འབུར་ཐོན། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་འདི་ཉིད་སོ་སོའི་ཉེ་འཁོར་གྱི་གྲོགས་པོ་སྔར་ལས་གང་མང་ལ་ངོ་སྤྲོད་བྱས་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཕོ་ཉ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།