ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2023.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན།  ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།   དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི།   ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་གྲོས་དོན་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་སྙན་ཞུ་ལ་ཉན།  གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་ཐེངས་གསུམ་པའི་མ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་དང་འབྲེལ་བའི་ལས་གཞི་འཛུགས་སྐྲུན་གྱི་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གཅིག་གྱུར་ཞིབ་བཤེར་བྱས་པ་དང་།   མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཤོང་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་འཆར་ཟིན་གྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་།  ཟི་ལིང་གྲོང་ཁྱེར་གྱི་མེ་འགོག་མེ་གསོད་སྲོལ་ཡིག་བཟོ་བཅོས་བྱེད་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་བའི་སྲོལ་ཡིག་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག་གི་གནས་ཚུལ་སྐོར་གྱི་སྙན་ཞུ།  ཞིང་ཆེན་མི་དམངས་སྲིད་གཞུང་གི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དབང་མ་རྩ་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ།  ཉིས་སྟོང་ཉེར་གཉིས་ལོའི་ས་གནས་དངུལ་རྩའི་ཁེ་ལས་ཀྱི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་སོགས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་སྙན་ཞུ་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ནང་འཇོག་རྒྱུར་འཐད་པ་བྱུང་བ་དང་།   ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་རེ་ཞུ་བཏོན།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་ཐག་གཅོད་འཆར་ཟིན་གྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན།   ཀྲུའུ་རིན་གྲོས་ཚོགས་སྟེང་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་གྲོས་དོན་ནང་འཇོག་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་འདེད་སྲོལ་ཡིག་གི་ཁྲིམས་འཛུགས་རྗེས་ཀྱི་གདེང་འཇོག་དང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ་གཏན་འབེབས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཁྲིམས་འཛུགས་གོ་རིམ་གཏན་འབེབས་ལ་བཟོ་བཅོས་བྱེད་པ།  མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུགས་ས་ཆའི་བྱ་བའི་གཏན་འབེབས་བཟོ་བཅོས་བྱེད་པའི་གནས་ཚུལ་བཅས་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་།  ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་གྱི་ལྟ་སྐུལ་བྱ་བའི་ལོ་ལྔའི་འཆར་འགོད་འཆར་ཟིན་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན།  ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་སྙན་ཞུ་དག་ལ་འཐད་པ་བྱུང་།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ།  མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་གནམ་གཤིས་ཀྱི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཉིས་ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་སོགས་ལ་ཉན།  ཀྲུའུ་རིན་གྲོས་ཚོགས་སྟེང་གྲོས་ཞིབ་བསམ་འཆར་ལ་འཐད་པ་བྱུང་བ་དང་།  ཁྲིམས་བཅད་གོ་རིམ་ལྟར་བསྒྲུབ་དགོས་པའི་བླང་བྱ་བཏོན།

                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།