ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ། ཏང་ཙུའི་ཁོངས་མི་ཀྲང་ཐའོ་སོགས་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་ཚྭ་མཚོའི་ཐོན་ཁུངས་ལྷད་མེད་རིན་ཐང་ལྡན་པར་བེད་སྤྱོད་བྱེད་པའི་ཚོད་ལྟ་ཁང་གཙོ་བོའི་འཛུགས་སྐྲུན་གནས་ཚུལ་ལ་ཉན།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲང་ཐའོ་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཚན་རིག་གླིང་གིས་དུས་ཡུན་རིང་བོར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་ལག་ལེན་དངོས་འབེབས་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་མོར་འཛུགས་སྐྲུན་བྱེད་པ། ཚྭ་མཚོའི་ཐོན་ཁུངས་ཀྱི་ཕན་ནུས་མཐོ་བའི་བེད་སྤྱོད་ལ་སྐུལ་འདེད་གཏོང་བར་ཚན་རྩལ་དང་འཇོན་མིའི་གཞོགས་འདེགས་དང་འབྲལ་ཐབས་མེད། ཚྭ་མཚོའི་ཐོན་ཁུངས་ལྷད་མེད་རིན་ཐང་ལྡན་པར་བེད་སྤྱོད་བྱེད་པའི་ཚོད་ལྟ་ཁང་གཙོ་བོའི་འཛུགས་སྐྲུན་ནི་ཕྱོགས་ཡོངས་ནས་མཚོ་སྔོན་དང་ཀྲུང་གོའི་ཚན་རྩལ་གླིང་གི་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་ཧུར་ཐག་སྒོས་རྒྱལ་ཁབ་ཚན་རྩལ་ལས་དོན་ཆེན་མོའི་ཁྲོད་འདྲེས་པར་བྱེད་པ་དང་། ཀྲུང་གོ་ཚན་རིག་གླིང་གི་གཏིང་ཟབ་པའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཚོད་ལྟ་ཁང་གཙོ་བོའི་འཛུགས་སྐྲུན་ལ་ཕན་འབྲས་ཐོན་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཀྲང་ཐའོ་ཡིས་ཀྲུང་གོ་ཚན་རིག་གླིང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནམ་རྒྱུན་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་ཞིག་བཏོད་དེ། རང་རྒྱལ་གྱི་ནུས་ཁུངས་གསར་བ་དང་ཚྭ་མཚོ། རྒྱུ་ཆའི་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་ཚན་རིག་གླིང་གིས་མཚོ་སྔོན་དང་ལག་རྡང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པ་དང་། ཚྭ་མཚོའི་ཐོན་ཁུངས་ལྷད་མེད་རིན་ཐང་ལྡན་པར་བེད་སྤྱོད་བྱེད་པའི་ཚོད་ལྟ་ཁང་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཚྭ་མཚོའི་ཐོན་ཁུངས་ཀྱི་ནུས་མཐོའི་བེད་སྤྱོད་ཐད་ལ་ཚན་རྩལ་གྱི་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་ཞང་ཧྥུན་དང་ལིའུ་ཁྲའོ་ཐུག་འཕྲད་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།