ལིའུ་གོ་ཀྲུང་གིས་འཐབ་ས་དང་པོའི་སྨན་བཅོས་མི་སྣར་འཚམས་འདྲི་བྱས།
2023.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་དྲུག་པ་ཡིན་ལ། སྨན་པའི་དུས་ཆེན་ཐེངས་དྲུག་པའི་བརྗོད་དོན་ནི་བདེ་ཐང་གི་འགན་འཁྲི་སྤོབས་པས་ཁུར་ནས་དུས་རབས་ཀྱི་བྱས་རྗེས་གསར་བ་བསྐྲུན་དགོས་ཞེས་པ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་རྒྱལ་སའི་གསོ་རིག་ཚན་ཁག་སློབ་ཆེན་ཞོན་ཝུའུ་སྨན་ཁང་དང་པེ་ཅིང་གྲོང་ཁྱེར་གྲོང་ཁུལ་ཤར་མའི་ཏུང་ཧྭ་ཧྲི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་སོང་ནས། འཐབ་ས་དང་པོའི་སྨན་བཅོས་མི་སྣར་སྐོར་བརྒྱབ་ནས་འཚམས་འདྲི་བྱས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་བཅོས་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་བྱས།

 ལིའུ་གོ་ཀྲུང་གིས་འཐབ་ས་དང་པོའི་སྨན་བཅོས་མི་སྣར་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ། སྨན་བཅོས་ཞབས་ཞུ་དང་ནད་ཐོག་སྨན་བཅོས་ཆེད་ལས་ཚན་ཁག་འཛུགས་སྐྲུན། ཀྲུང་ལུགས་སྨན་བཅོས་ཞབས་ཞུ། ཁྱིང་བསྟེན་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ཀྲུང་གོའི་སྨན་པའི་དུས་ཆེན་ནི་ཏང་དང་མི་དམངས་ཀྱིས་སྨན་བཅོས་ལས་དོན་པར་བསྩལ་བའི་དམིགས་བསལ་གྱི་གཟི་བརྗིད་དང་སེམས་ཁུར་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་བདེ་ཐང་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམས་འགོག་གི་སྙིང་སྟོབས་རླབས་ཆེན་རྒྱུན་འཛིན་དར་སྤེལ་བྱེད་པ་དང་། སྨན་པའི་ཐོག་མའི་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་སྔར་ལས་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ལིའུ་གོ་ཀྲུང་གིས་རྒྱ་ཆེའི་སྨན་བཅོས་ལས་དོན་པ་ནི་བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། དུས་ཡུན་རིང་བོར། རྒྱ་ཆེའི་སྨན་བཅོས་ལས་དོན་པས་བྱམས་སེམས་དང་ལག་རྩལ། ལྷག་བསམ་བཅས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བདེ་ཐང་ཐད་ཞབས་འདེགས་ཞུས་པ་དང་། ལྷག་པར་དུ་པྲོག་གསར་གློ་ཚད་འགོག་སྡོམ་བྱེད་པའི་ཁྲོད་དུ། དཀའ་ངལ་གྱི་མདུན་ནས་དཔའ་མ་ཞུམ་པར་ཞུམ་མེད་འབད་བརྩོན་བྱས་ཏེ། རིམས་ནན་འགོག་སྡོམ་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ལེན་ཆེད་བྱས་རྗེས་འབུར་ཐོན་བཞག་ཡོད། མུ་མཐུད་དུ་ལས་རིགས་ཀྱི་དད་མོས་བརྟན་སྲུང་བྱས་ཏེ། ཡག་ཐོག་རྒྱན་བརྩེགས་དང་ཞུམ་མེད་མདུན་སྐྱོད་སྒོས་སྨན་བཅོས་ཞབས་ཞུའི་ནུས་པ་དང་ཆུ་ཚད་བསྟུད་མར་མཐོ་རུ་བཏེགས་ནས། མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་ནུས་ལྡན་གྱི་ཞབས་འདེགས་ཞུ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྨན་བཅོས་ལས་དོན་པར་གཅེས་སྐྱོང་བྱེད་པ་དང་། སྔོན་ཐོན་དཔེ་ལེགས་དང་བྱས་རྗེས་དྲིལ་སྒྲོག་བྱེད་པ། ཕོགས་དངུལ་དང་ཐོབ་ཐང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་དང་དོད་བྱེད་པའི་སྤྱི་ཚོགས་སྲོལ་བཟང་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕྲོད་བསྟེན་བདེ་ཐང་ལས་དོན་བསྟུད་མར་བདེ་ཐང་ངང་གོང་དུ་འཕེལ་བར་མཐུན་སྦྱོར་སྒོས་ཡར་སྐུལ་བྱེད་དགོས་ཞེས་ནན་གྱིས་བསྟན།