ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་གཉིས་པའི་གླེང་སྟེགས་གཙོ་བོ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།
ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཝུའུ་ཧན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྒྱལ་ཁབ་སྤྱི་གླིང་ལྟ་ཞིབ་ཚད་ལེན་གྱི་དབུ་བཞུགས་ཆེད་མཁས་པ་ལིས་ཏི་རེན་དང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཅང་ཞི་ཞིང་ལས་སློབ་ཆེན་གྱི་སློབ་གཙོ་ཝེ་ཧྥུའུ་ཝུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི། པེ་ཅིང་དགེ་འོས་སློབ་ཆེན་གྱི་སྔོན་ཆད་ཀྱི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཀི་ཅན་ཕིང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱ་མཚོ་ལྷོ་མའི་རྒྱ་མཚོ་ཞིབ་འཇུག་ཁང་གི་འགོ་གཙོ་ཀྲང་སི། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཨ་མེ་རི་ཁའི་རྒྱལ་ཁབ་ཚན་རིག་གླིང་གི་ཡོན་ཧྲི་སི་ཏིས་ཧྥིན་པའོ་ལ་སི་ཅི། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡུས་ཀོས་རུའེ་བཅས་ཀྱིས་བརྗོད་དོན་གཏམ་བཤད་སྤེལ་ཏེ་སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་གཞུང་ལུགས་གསར་པ་དང་ལྟ་བ་གསར་པ། ཉམས་མྱོང་གསར་པ། བྱེད་ཐབས་གསར་པ་བཅས་འདོན་སྤྲོད་བྱས།
ལིས་ཏི་རེན་གྱིས་གནམ་སའི་རྒྱང་ཚོར་ནགས་རྩྭའི་འགུལ་རྣམ་ཚོར་ཤེས་ལྟ་ཞིབ་ཚད་ལེན་གླེང་བ་ཞེས་པའི་བརྗོད་དོན་གཏམ་བཤད་སྤེལ་སྐབས། རྒྱལ་ཁབ་སྤྱི་གླིང་གི་ཤེས་རིག་ནགས་རྩྭ་དང་གནམ་སའི་ནགས་རྩྭའི་ཚོར་ཤེས་ཐད་ཀྱི་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་མདོར་བསྡུས་དང་ནང་དོན་གཙོ་བོ་དང་དགོས་མཁོ། འཆར་འགོད་བསམ་ཕྱོགས། བྱ་བའི་རྨང་གཞི་སོགས་ཐད་ནས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལག་རྩལ་ནགས་རྩྭའི་མ་ལག་ཁྲོད་བཀོལ་སྤྱོད་བྱས་ཏེ་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལག་རྩལ་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཀྱི་མདུན་ལྗོངས་གླེང་།
ཝེ་ཧྥུའུ་ཝུན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས་ཞེས་པར་དམིགས་ཏེ་བརྗོད་དོན་གཏམ་བཤད་བྱས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ཞིབ་འཇུག་ཐད་ཀྱི་ཚན་ཞིབ་གྲུབ་འབྲས་དང་ཞིབ་འཇུག་ཉམས་མྱོང་བརྗེ་རེས་དང་མཉམ་སྤྱོད་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་ལག་རྩལ་གསར་པ་དང་ཉམས་མྱོང་གསར་པ། རྣམ་པ་གསར་པ་འདོན་སྤྲོད་བྱས།
ཀི་ཅན་ཕིང་གིས་བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གི་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད་ཅེས་པར་དམིགས་ཏེ་བརྗོད་དོན་གཏམ་བཤད་སྤེལ་བ་དང་། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གིས་གནམ་སའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད་སོགས་ཕྱོགས་ཀྱི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་བཟང་བོ་བཤད་དེ་རྒྱལ་ཁབ་སྤྱི་གླིང་གི་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཡང་བསྐྱར་བཀོལ་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ལག་ལེན་ཉམས་མྱོང་འདོན་སྤྲོད་བྱས།
ཀྲང་སི་ཡིས་རང་རྒྱལ་གྱི་རྒྱ་མཚོའི་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་སྲུང་སྐྱོབ་ལ་དམིགས་ཏེ་སྤེལ་བའི་བརྗོད་དོན་གཏམ་བཤད་ཁྲོད། རང་རྒྱལ་གྱི་རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་བླངས་པའི་གྲུབ་འབྲས་བཟང་བོ་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་གནས་བབ་མཚམས་སྦྱོར་བྱས་པ་དང་། རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཚོལ་ཞིབ་གསར་པ་དང་རྣམ་པ་གསར་པ། ལག་རྩལ་གསར་པ་བཅས་རྒྱས་བཤད་དང་མཉམ་སྤྱོད་བྱས་ཏེ་སྐྱེ་ཁམས་མ་ལག་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་མཐོང་རྒྱ་གསར་པ་བསྐྱེད།
སི་ཏིས་ཧྥིན་པའོ་ལ་སི་ཅི་ཡིས་རྒྱལ་ཁབ་སྤྱི་གླིང་དང་སྲུང་སྐྱོབ་ཁུལ་གྱིས་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་ཞབས་ཞུའི་ཐད་ཐོན་པའི་བྱེད་ནུས་གལ་ཆེན་ལ་དམིགས་ཏེ་བརྗོད་དོན་གཏམ་བཤད་སྤེལ་བ་དང་། རྒྱལ་ཁབ་སྤྱི་གླིང་དང་སྲུང་སྐྱོབ་ཁུལ་གྱི་བྱེད་ནུས་གལ་ཆེན་དང་རྒྱལ་ཁབ་སྤྱི་གླིང་གི་ལོ་རྒྱུས། མིག་སྔའི་སྤྱི་གླིང་དང་སྲུང་སྐྱོབ་ཁུལ་སོགས་ཕྱོགས་ནས་འཛམ་གླིང་ཡོངས་ཀྱི་སྲུང་སྐྱོབ་ས་ཁུལ་འཕེལ་རྒྱས་ཀྱི་གནས་བབ་མཚམས་སྦྱོར་བྱས།
ཡུས་ཀོས་རུའེ་ཡིས་ཀྲུང་གོའི་སྐྱེ་ཁམས་མ་ལག་གི་དྲ་སྦྲེལ་ལྟ་ཞིབ་ཞིབ་འཇུག་མ་ལག་གི་ད་ལྟའི་གནས་བབ་དང་མ་འོངས་པ་ཞེས་པར་དམིགས་ནས་བརྗོད་དོན་གཏམ་བཤད་སྤེལ་བ་དང་། སོ་སོར་ཕྱོགས་གསུམ་ཐད་ནས་ཚད་ཆེ་བའི་སྐྱེ་ཁམས་མ་ལག་གི་ལྟ་ཞིབ་ཞིབ་འཇུག་སྤེལ་བའི་དོན་སྙིང་གལ་ཆེན་དང་དངོས་ཡོད་དགོས་མཁོ་རྒྱས་བཤད་ཟབ་མོ་བྱས་པ་ཏེ། རྒྱལ་ཁབ་སྐྱེ་ཁམས་མ་ལག་གི་ལྟ་ཞིབ་ཞིབ་འཇུག་མ་ལག་འཛུགས་སྐྲུན་གྱི་བྱེད་ཐབས་དང་བསམ་ཕྱོགས་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།