ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། གནམ་སའི་ལྟ་ཞིབ་ཚད་ལེན་དང་ལག་རྩལ་གསར་པའི་བཀོལ་སྤྱོད་ཅེས་པའི་བརྗོད་དོན་གླེང་སྟེགས་ཟི་ལིང་དུ་བསྡུས། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡན་ཀྲིན་གྱིས་འགོ་འཛིན་བྱས།
གླེང་སྟེགས་སྟེང་། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་སློབ་གཙོའི་ལས་རོགས་པ། ཚན་ཞིབ་ཁང་གི་ཡོན་ཀྲང་དབྱང་ལི་ཅུན་དང་། རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཐང་ཞའོ་ཕིང་། མཁའ་སྐྱོད་ཁང་ལྔ་པའི་ཞིབ་འཇུག་པ་ཝང་ཅན། ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁབ་གི་ཞིབ་འཇུག་པ་ཀྲང་ཧུའེ་ཆིན། ཀྲུང་གོ་རྒྱང་སྒྲོག་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལིས་ཝན་ཧྲིག་སོགས་ཀྱིས་སོ་སོར་རྒྱལ་ཁབ་སྤྱི་གླིང་གི་ལྟ་ཞིབ་ཚད་ལེན་དང་སྐྱེ་ཁམས་ཚོར་ཤེས་མ་ལག འཁོར་སྐར་འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་དཔེ་མཚོན་བཀོལ་སྤྱོད། རྒྱ་མཚོའི་སྲུང་སྐྱོབ་ཁུལ་སྤྱད་དེ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ནས་ས་གནས་གཞིས་ཁུལ་ལ་བདེ་སྐྱིད་བསྐྲུན་པ། རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས་འཛམ་གླིང་བརླན་སའི་གཞི་གྲངས་ཅན་གྱི་སྲུང་སྐྱོབ་དང་བེད་སྤྱོད་ཐད་ཀྱི་དཔེ་མཚོན་བསྐྲུན་པ། རྒྱང་སྒྲོག་དྲ་རྒྱའི་དགེ་མཚན་སྤྱད་དེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པ་སོགས་ལ་དམིགས་ནས་བརྗོད་དོན་གཏམ་བཤད་སྤེལ།
སྐབས་འདིའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་པའི་ཆ་ནས་གནམ་སའི་ལྟ་ཞིབ་ཚད་ལེན་དང་ལག་རྩལ་གསར་པའི་བཀོལ་སྤྱོད་ཀྱི་བརྗོད་དོན་གླེང་སྟེགས་ཀྱིས་མཁའ་འགྲུལ་མཁའ་སྐྱོད་དང་མཉམ་འབྲེལ་དྲ་བའི་སྔོན་ཐོན་ལག་རྩལ་སོགས་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ཀྱི་དཔེ་གཞི་བཟང་བོ་དང་བཀོལ་སྤྱོད་མདུན་ལྗོངས་སོགས་ལ་དམིགས་ཏེ་བརྗེ་རེས་དང་འབྲེལ་འདྲིས་བྱས་པ་དང་། རང་བདག་ཞིབ་སྤེལ་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་པ་དང་བཀོལ་སྤྱོད་ཆུ་ཚད་འཛམ་གླིང་ཧྲིལ་བོའི་སྔོན་གྲལ་དུ་ཡོད་པའི་རྒྱལ་ཁབ་སྤྱི་གླིང་གི་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པར་རིག་སྟོབས་འདོན་སྤྲོད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།